ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་གི་ཁེ་ལས་ལས་བཟོ་བ་ལྕམ་ལིས་ལ་བུ་སྐྱེས་རོགས་དངུལ་ལག་ཏུ་འབྱོར་བས། ཁོ་མོས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར། “ཁ་གསབ་རོགས་དངུལ་དེ་དུས་ཐོག་ཆར་བ་ཞིག་དང་འདྲ་བར་ཐད་ཀར་རང་ཉིད་ལ་བྱིན་པས་ཧ་ཅང་སྟབས་བདེ་བ་ཞིག་ཡིན་པ་དང་། ངེད་ཚང་གི་དཔལ་འབྱོར་གནོན་ཤུགས་ཇེ་ཡང་དུ་བཏང་བ་མ་ཟད། སྲིད་གཞུང་གིས་བུ་སྐྱེས་ཁྱིམ་ཚང་ལ་གཅེས་སྐྱོང་དང་མཐོང་ཆེན་བྱེད་བཞིན་པ་ཚོར་ཐུབ”ཟེར།
བུ་སྐྱེས་འགན་སྲུང་གི་ཁེ་དབང་སྔར་ལས་ཆེ་རུ་གཏོང་བ་དང་ཁྱིམ་ཚང་གི་བུ་སྐྱེས་འགན་ཁུར་དང་ཁེ་ལས་ཀྱི་མ་དངུལ་སྔོན་སྤྲོད་གནོན་ཤུགས་དངོས་གནས་ཇེ་ཆུང་དུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས《བུ་སྐྱེས་ཉེན་ཚབ་གཏོང་སྤྲོད་བྱེད་སྟངས་རེ་ཞུ་ལེགས་སྒྲིག་བྱེད་པའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས། ལམ་ལུགས་འགན་སྲུང་འཐུས་ཚང་དུ་བཏང་བ་དང་ཆ་འཕྲིན་མ་ལག་ཇེ་ལེགས་སུ་བཏང་བ། ལས་སྒོའི་བརྒྱུད་རིམ་སྟབས་བདེ་བཅས་བྱས་ཏེ། བུ་སྐྱེས་རོགས་དངུལ་སྟེར་བ་དེ་ཁེ་ལས་ཀྱིས་བརྒྱུད་སྟེར་བྱེད་པ་ནས་མི་སྒེར་གྱིས་ཐད་ཀར་ལོངས་སུ་སྤྱོད་པའི་རྣམ་པར་བསྒྱུར་བ་དང་། བུ་སྐྱེས་རོགས་དངུལ་འགན་སྲུང་ནང་ཞུགས་པའི་བུད་མེད་ལས་བཟོ་པར་ཐད་ཀར་དུ་སྟེར་བ་མངོན་འགྱུར་བྱུང་ལ། རོགས་དངུལ་སྟེར་པའི་དུས་ཡུན་ཉིན8བར་ཇེ་ཐུང་དུ་བཏང་ཡོད། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱིས་བུད་མེད་ལས་བཟོ་བ298ལ་བུ་སྐྱེས་རོགས་དངུལ་སྒོར་བྱེ་བ་གཅིག་དང་འབུམ་ལྔ་ཁྲི་གཅིག་སྟོང་ལྔ་ལྷག་བྱིན།
ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་མུ་མཐུད་དུ་བུ་སྐྱེས་ཁྱིམ་ཚང་གི་དོན་དངོས་དགོས་མཁོར་དོ་སྣང་བྱས་ཏེ། མུ་མཐུད་དུ་བུ་སྐྱེས་ཉེན་ཚབ་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་ནས། སྲིད་ཇུས་ཀྱི་དྲིལ་སྒྲོག་ནུས་པ་ཇེ་ཆེར་གཏོང་བ་དང་། མང་ཚོགས་ཀྱིས་བུ་སྐྱེས་ཉེན་ཚབ་ཀྱི་སྲིད་ཇུས་ཤེས་ཚད་ཇེ་མཐོར་བཏང་སྟེ། འགན་སྲུང་ཁྲོད་ཞུགས་པའི་བུད་མེད་ལས་བཟོ་བའི་ཁྲིམས་མཐུན་ཁེ་དབང་ལ་དངོས་གནས་འགན་སྲུང་བྱེད་པ་དང་། མི་གྲངས་དུས་ཡུན་རིང་པོར་དོ་མཉམ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས་ཏེ། འཆམ་མཐུན་སྤྱི་ཚོགས་འཛུགས་པར་བྱས་རྗེས་འཇོག་དགོས།
ཤ་བོ་རིན་མཚོས་བསྒྱུར།