མཚོ་སྔོན་གྱིས་སྡོད་ཁང་སྤྱི་གསོག་མ་དངུལ་སྲིད་ཇུས་བཏོན་ནས། སྡོད་ཁང་གི་འཛད་སྤྱོད་སྦས་ཤུགས་འདོན་པར་སྐུལ་འདེད་བཏང་། 
2025.05.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

གསར་འགོད་པས་ཉེ་ལམ་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། དུས་ཚིགས་དང་པོར་རང་ཞིང་གིས་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྟོང་གཉིས་དང་དགུ་བཅུ་སྤྲད་པ་དང་། དངུལ་བུན་སྤྲོད་ཚད་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་བྱེ་བ་གསུམ་དང་ས་ཡ་ལྔ་ལ་སླེབས་ཤིང་། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་གཉིས་དང་གྲངས་ཆུང་དགུ་ལྔ་འཕར་ཡོད། སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག རང་ཞིང་གི་ས་ཁང་བདག་ཁོངས་ཁྲོམ་ར་གཏན་འཇགས་དང་བདེ་ཐང་ངང་འཕར་བའི་རྣམ་པ་མངོན། 

ངོ་སྤྲོད་བྱས་པ་ལྟར་ན། རང་ཞིང་གི་ས་གནས་སོ་སོས་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པའི་སྲིད་ཇུས་མུ་མཐུད་དུ་ལེགས་སྒྱུར་བྱས་ནས། སྡོད་ཁང་གི་སྤྱི་གསོག་མ་དངུལ་ལམ་ལུགས་ཀྱི་འགན་སྲུང་བྱེད་ནུས་འདོན་སྤེལ་གང་ལེགས་བྱས། སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་དངུལ་བུན་ཁ་གྲངས་དེ་གཞི་འཛིན་ས་བྱས་ནས། ལས་བཟོ་པའི་ཁང་བ་ཉོ་བའི་འགན་ཁུར་ཇེ་ཡང་དུ་བཏང་། སྤྱི་གསོག་མ་དངུལ་ལེན་པའི་དངུལ་བུན་སྲིད་ཇུས་ལེགས་སྒྲིག་བྱས་རྗེས། ས་གནས་ཁ་ཤས་ཀྱི་ལས་བཟོ་པ་བཟའ་ཟླ་གཉིས་ལས་གཅིག་ལས་བྱེད་པ་ཡིན་པའི་ཁྱིམ་ཚང་གི་ཐོག་མའི་ཁང་པ་ཉོ་དུས་ཆེས་མཐོའི་དངུལ་བུན་སྒོར་འབུམ་དགུ་བསྐྱི་ཐུབ་ལ།  བཟའ་ཟླ་གཉིས་ཀ་ལས་བྱེད་པ་ཡིན་པའི་ཁྱིམ་ཚང་གིས་ཆེས་མཐོའི་དངུལ་བུན་སྒོར་ས་ཡ་གཅིག་བསྐྱི་ཐུབ།  བྱིས་པ་གཉིས་དང་གཉིས་ཡན་ཡོད་པའི་ཁྱིམ་ཚང་ལ་དམིགས་ནས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ལས་གཞན་པའི་གྲོང་ཁྱེར་དང་ཁུལ་ལ་ཆེས་མཐོའི་དངུལ་བུན་གྱི་རྨང་གཞིའི་སྟེང་སྒོར་འབུམ་གཅིག་ནས་འབུམ་གཉིས་ཁ་སྣོན་བྱེད་པའི་བར་སྟོང་ཡོད་ལ། དཔེར་ན་ཟི་ལིང་གྲོང་ཁྱེར་གྱི་བྱིས་པ་མང་ལ་བཟའ་ཟླ་གཉིས་ཀ་ལས་བྱེད་པ་ཡིན་པའི་ཁྱིམ་ཚང་གི་ཐོག་མའི་ཁང་པ་ཉོ་བའི་ཆེས་མཐོའི་དངུལ་བུན་ཚད་སྒོར་ས་ཡ་གཅིག་ཡིན་ལ། བཟའ་ཟླ་གཉིས་ལས་གཅིག་ལས་བྱེད་པ་ཡིན་པའི་ཁྱིམ་ཚང་གི་ཆེས་མཐོའི་དངུལ་བུན་ཚད་སྒོར་འབུམ་བརྒྱད་རེད། མཚོ་ཤར་གྲོང་ཁྱེར་གྱི་བཟའ་ཟླ་གཉིས་ཀ་ལས་བྱེད་པ་ཡིན་ལ་བྱིས་པ་མང་པའི་ཁྱིམ་ཚང་གི་དངུལ་བུན་ཚད་སྒོར་ས་ཡ་གཅིག་ལ་ཇེ་མཐོར་བཏང་བ་དང་། བཟའ་ཟླ་གཉིས་ལས་གཅིག་ལས་བྱེད་པ་ཡིན་ཞིང་བྱིས་པ་མང་པའི་ཁྱིམ་ཚང་གི་དངུལ་བུན་བསྐྱི་ཚད་སྒོར་འབུམ་བརྒྱད་ལ་ཇེ་མཐོར་བཏང་། 

དེ་དང་མཉམ་དུ། ཁང་བ་གླས་ནས་སྤྱི་གསོག་མ་དངུལ་ལེན་པའི་སྲིད་ཇུས་ལ་བརྟེན་ནས། ལས་བྱེད་པའི་དངོས་ཡོད་དགོས་མཁོ་བསྐངས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁུལ་ཁ་ཤས་ཀྱི་སྤྱི་གསོག་མ་དངུལ་ལེན་ཚད་སྒོར་ཁྲི་གཅིག་དང་སྟོང་བརྒྱད་ལ་ཇེ་མཐོར་བཏང་བ་དང་། ཟི་ལིང་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁང་བ་གླས་ནས་སྤྱི་གསོག་མ་དངུལ་ལེན་ཚད་སྒོར་ཁྲི་གཅིག་དང་སྟོང་དྲུག་བརྒྱད་བརྒྱར་ཇེ་མཐོར་བཏང་ཞིང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་གསོག་མ་དངུལ་ལེན་ཚད་སྒོར་ཁྲི་གཅིག་དང་སྟོང་བཞི་བཞི་བརྒྱར་ཇེ་མཐོར་བཏང་། མཚོ་ཤར་གྲོང་ཁྱེར་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་ཁུལ། ཡུས་ཧྲུའུ་ཁུལ་བཅས་ཀྱིས་སྤྱི་གསོག་མ་དངུལ་ལེན་པའི་ཐེངས་གྲངས་ལོ་གཅིག་ལ་ཐེངས་གཅིག་ནས་ལོ་གཅིག་ལ་ཐེངས་མང་པོར་ལེན་ཐུབ་པར་བྱས། དེ་དང་མཉམ་དུ། བྱིས་པ་གཉིས་དང་དེའི་ཡན་ཡོད་པའི་ཁྱིམ་ཚང་ལ་དམིགས་ནས། ས་གནས་སོ་སོས་དངུལ་བུན་ཚད་ཇེ་མཐོར་བཏང་བ་སྟེ། དཔེར་ན། ཟི་ལིང་གྲོང་ཁྱེར་གྱི་བྱིས་པ་གཉིས་ཅན་གྱི་ཁྱིམ་ཚང་གི་ཁང་བ་གླས་ནས་སྤྱི་གསོག་མ་དངུལ་ལེན་ཚད་ཆེས་མཐོ་བ་དེ་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱར་སླེབས་པ་དང་། བྱིས་པ་གསུམ་དང་དེའི་ཡན་གྱི་ཁྱིམ་ཚང་གི་སྤྱི་གསོག་མ་དངུལ་ལེན་ཚད་ཆེས་མཐོ་བ་དེ་སྒོར་ཁྲི་གཉིས་དང་སྟོང་དྲུག་བཞི་བརྒྱར་སླེབས། མཚོ་ལྷོ་ཁུལ་གྱི་བྱིས་པ་མང་བའི་ཁྱིམ་ཚང་གི་ཁང་བ་གླས་ནས་སྤྱི་གསོག་མ་དངུལ་ལེན་ཚད་ཆེས་མཐོ་ན་ལོ་རེར་སྒོར་ཁྲི་གསུམ་དང་སྟོང་དྲུག་ལ་སླེབས།

ཉེ་བའི་ལོ་འགའི་རིང་། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་གྱིས་ས་གནས་སོ་སོའི་སྡོད་ཁང་གི་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དམ་འཛིན་ནན་མོ་བྱེད་པ་དང་། རང་འགུལ་སྒོས་ས་ཁང་བདག་ཁོངས་ཚུལ་སྒྱུར་འཕེལ་རྒྱས་ཀྱི་འགྱུར་ལྡོག་གསར་བར་འཚམ་པར་བྱས་ནས། སྡོད་ཁང་གི་སྤྱི་གསོག་མ་དངུལ་བདེ་འཇགས་ལ་ཁག་ཐེག་བྱེད་པའི་རྨང་གཞིའི་སྟེང་། ས་གནས་དེ་གའི་སྡོད་ཁང་ཆུ་ཚད་དང་མ་དངུལ་བེད་སྤྱོད་གནས་ཚུལ་སོགས་ལ་ཟུང་འབྲེལ་བྱས་ནས་འབྲེལ་ཡོད་སྲིད་ཇུས་ཀྱི་བྱེད་ཐབས་ཞིབ་འཇུག་གཏན་འབེབས་བྱས་ཏེ། རང་ཞིང་གི་ས་ཁང་བདག་ཁོངས་ཀྱི་ཁྲོམ་རར་སྲིད་ཇུས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་དགོས། སྡོད་དམངས་ཀྱིས་སེམས་ཁུར་དང་དོ་སྣང་བྱེད་པའི་སྲིད་ཇུས་ཡག་པོ་རྒྱུན་མཐུད་སྒོས་དངོས་འབེབས་བྱས་ནས། ས་ཁང་བདག་ཁོངས་ཁྲོམ་རའི་གཏན་འཇགས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

2024ལོར། ལོ་ཧྲིལ་བོར་ལས་བྱེད་པའི་སྡོད་ཁང་འཛད་སྤྱོད་རིགས་ལ་རྒྱབ་སྐྱོར་བྱེད་པའི་སྤྱི་གསོག་མ་དངུལ་ལེན་པའི་མི་ཐེངས་འབུམ་ལྔ་དང་ཁྲི་བདུན་ལ་སླེབས་པ་དང་། སྒོར་ཐེར་འབུམ་བཞི་ལྷག་ལ་སླེབས་ཤིང་། སོ་སོ་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་ཞེ་གཉིས་དང་གྲངས་ཆུང་དགུ་དང་བརྒྱ་ཆའི་ཞེ་གསུམ་དང་གྲངས་ཆུང་དྲུག་འཕར་ཡོད། ཁང་པ་ཐོག་མ་དང་ཁང་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ་བརྒྱ་དང་ཞེ་བཞིའི་མན་གྱི་སྡོད་ཁང་དངུལ་བུན་གྱི་ཟིན་ཚད་སོ་སོ་བརྒྱ་ཆའི་གྱ་གཉིས་དང་གྲངས་ཆུང་བདུན་དང་བརྒྱ་ཆའི་གྱ་དྲུག་དང་གྲངས་ཆུང་བཞི་ལྔར་སླེབས། བོགས་གཡར་ཁང་པའི་སྤྱི་གསོག་མ་དངུལ་ལེན་ཚད་སྒོར་ཁྲི་ལྔ་དང་སྟོང་བརྒྱད་ལྔ་བརྒྱ་དང་། མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གསུམ་ས་ཡ་ལྔར་སླེབས་ཡོད་ལ། སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱིས་སྡོད་ཁང་གི་འཛད་སྤྱོད་སྦས་ཤུགས་འདོན་པར་ནུས་ལྡན་སྒོས་རྒྱབ་སྐྱོར་བྱས།


ལྷ་མོ་འཚོས་བསྒྱུར།