ཟླ4ཚེས24ཉིན་ནས་ཚེས28ཉིན་བར། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཀོང་ཞི་རུ་འཚོགས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ལས་བྱེད་མི་སྣ63གསོ་སྦྱོང་དུ་ཞུགས།
ཐེངས་འདིའི་གསོ་སྦྱོང་གི་དམིགས་ཡུལ་ནི་ཀྲུང་དབྱང་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན། ཞིང་ཆེན་ཏང་ཨུའི་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ། ས་གནས་སོ་སོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བའི་ཉམས་མྱོང་བརྗེ་རེས་བྱ་རྒྱུ་དེ་རེད། དུས་ཡུན་གཟའ་འཁོར་གཅིག་གི་གསོ་སྦྱོང་ཁྲོད། སློབ་མ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སོགས་ཀྱི་ནང་དོན་གཙོ་གནད་དུ་བཟུང་ནས་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱེད་པ་སོགས་ལ་དམིགས་ནས་གྲོས་བསྡུར་དང་བརྗེ་རེས་བྱས་པ་དང་། ཀོང་ཞི་ཡི་མཚོན་བྱེད་རང་བཞིན་ལྡན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དཔེ་སྟོན་བྱ་ཡུལ་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས་ནས་ཉམས་མྱོང་དང་བྱེད་སྟངས་སློབ་སྦྱོང་བྱས།
ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཕྱོགས་བསྡུས་མཐུན་སྦྱོར་ཁྲུའུ་ཡི་འགན་འཁུར་བློ་མཐུན་གྱིས་བཤད་རྒྱུར། “གསོ་སྦྱོང་ལ་ཞུགས་མཁན་གྱི་སློབ་མ་ནི་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་སོ་སོའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། གསར་འཛུགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དང་ལས་བྱེད་པ་ཡིན་ལ། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་སྟོབས་ཤུགས་ཡིན། ཐེངས་འདིའི་གསོ་སྦྱོང་ནི་གནད་འགག་ཉུང་ཤས་དམ་འཛིན་བྱས་ནས་གཅིག་བསྡུས་སློབ་སྦྱོང་དང་། བརྗེ་རེས་ཞིབ་འཇུག ཡུལ་དངོས་ལྟ་སྐོར་བཅས་བྱས་པ་བརྒྱུད། གནད་དོན་གསར་རྙེད་དང་གསར་གཏོད་བསམ་ཕྱོགས། ཕྱོགས་བསྡོམས་མཐོར་འདེགས་བཅས་སྔར་ལས་ལྷག་པ་བྱས་ཏེ། དུས་སྐབས་གསར་པའི་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས”ཟེར།
ཤ་བོ་རིན་མཚོས་བསྒྱུར།