ཟླ4ཚེས30ཉིན། 2025ལོའི“ལྷ་མཚོའི་འབྱུང་ཁུངས། དྭངས་གཙང་གི་ཐེམ་ཆེན”ཞེས་པའི་ཐེམ་ཆེན་རྫོང་ཡུལ་སྐོར་ཁང་བརྒྱ་ཡི་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་ཚོགས་འདུ་ཟི་ལིང་དུ་བསྡུས། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ལས་དོན་མཐུན་ཚོགས་ཀྱི་འཐུས་མི། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་ལས་དོན་ཁང་བརྒྱ་དང་དེ་མིན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གི་འབྲེལ་ཡོད་སྡེ་ཁག་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་ཁེ་ལས། གསོལ་མགྲོན་ཁང་གི་འཐུས་མི་བཅས་མཉམ་འཛོམས་བྱས་ནས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཞིག་མཉམ་དུ་འཚོལ་ཞིབ་བྱས།
ངོ་སྤྲོད་ཚོགས་འདུའི་ཐོག་ཐེམ་ཆེན་གྱི་སྐམས་ཤ་དང་བོད་ལུག་གི་འོ་བཟོས་ཟས་རིགས་སོགས་ཞིམ་ཟས་རོལ་མྱོང་བྱས་པ་དང་། ཐང་ག་དང་གཙགས་དྲུབ་སོགས་གཟུགས་འདས་ཤུལ་བཞག་རིག་གནས་གསར་གཏོད་འགྲེམས་སྟོན་དང་དེ་མིན་ཐེམ་ཆེན་གྱི་རི་སྐྱེས་སྲོག་ཆགས་དང་ཐེམ་ཆེན་གྱི་རྡོ་ནག་བརྗོད་བྱ་གཙོ་བོའི་པར་ལེན་བརྩམས་ཆོས་འགྲེམ་སྟོན་སོགས་ཀྱི་རྣམ་པ་སྤྱད་དེ། ཐེམ་ཆེན་གྱི་སྐྱེ་ཁམས་མི་གཞུང་སྣང་ཚུལ་སྣ་ཚོགས་ཀྱི་འགུག་ཤུགས་ཕྱོགས་ཡོངས་ནས་མངོན་པ་མ་ཟད་ད་དུང་མི་རིགས་གླུ་གར་གྱི་འཁྲབ་སྟོན་ཡང་ཡོད། ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་ལས་དོན་ཁང་དང་འཐུས་མི་མང་པོ་ཞིག་གིས་མཉམ་ལས་བྱེད་སྟངས་གསར་གཏོད་དང་། སྤུས་ལེགས་ལམ་ཐིག་གསར་སྤེལ། འགྲུལ་པའི་ཁྲོམ་ར་རྒྱ་སྐྱེད་སོགས་ཀྱི་གྲོས་གཞིར་དམིགས་ནས་བརྗེ་རེས་བྱས་ལ། ཐེམ་ཆེན་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་བྱས།
ཡུལ་དངོས་སུ། ཐེམ་ཆེན་རྫོང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་ཡུལ་སྐོར་ཁང་ལྔ་ལ་ཡུལ་དངོས་སུ་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་བཀོད་པ་དང་། གཙོ་བོ་ཡུལ་སྐོར་ལམ་ཐིག་གསར་སྤེལ་དང་ཟོང་རྟགས་མཉམ་འཛུགས་མཉམ་ལས་བྱས་ཏེ། “ལྷ་མཚོའི་འབྱུང་ཁུངས། དྭངས་གཙང་གི་ཐེམ་ཆེན”ཞེས་པའིIPཁྱབ་སྤེལ་བྱ་རྒྱུར་རམ་འདེགས་བྱས་པ་མ་ཟད། 2024ལོའི“ཡུལ་སྐོར་བ་ཐེམ་ཆེན་དུ་འགུག་པའི”ཕུལ་བྱུང་ཡུལ་སྐོར་ཁང་ལ་གཟེངས་བསྟོད་ཀྱང་བྱས།
ཉེ་བའི་ལོ་འགའི་རིང་ལ། ཐེམ་ཆེན་རྫོང་གིས“ཡུལ་སྐོར་ལ་བརྟེན་ནས་རྫོང་སྟོབས་ལྡན་དུ་གཏོང་བའི”འཐབ་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས།“རིག་གནས་དང་ཡུལ་སྐོར།”“སློབ་གསོར་ཞིབ་འཇུག་དང་ཡུལ་སྐོར”སོགས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། དྲུག་པའི་ཀླུ་རོལ་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སོགས་ཀྱི་ཟོང་རྟགས་བྱ་འགུལ་བདེ་བླག་ངང་བསྐྲུན་ཡོད། ཐེམ་ཆེན་གྱི་མཛེས་ལྗོངས་ཁུལ་མང་པོ་ཞིག་གི་སྐད་གྲགས་ཇེ་ཆེར་གྱུར་ཡོད་པ་དང་། ཐེམ་ཆེན་བོད་ལུག་དང་ཐེམ་ཆེན་ནོར་གནག་ལ་ཀྲུང་གོའི་ལྷོ་བྱང་སྣེ་ཡི་རྟོག་ཞིབ་ཐོན་རྫས་སུ་བདམས་པ་དང་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད།
ཤ་བོ་རིན་མཚོས་བསྒྱུར།