ཉེ་ལམ། འཛམ་གླིང་སའི་གོ་ལའི་ཉིན་མོ་ཐེངས་ང་དྲུག་པའི་དྲིལ་སྒྲོག་བྱ་འགུལ་མགོ་རྩོམ་པའི་མཛད་སྒོ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་སྤེལ།
འཛམ་གླིང་སའི་གོ་ལའི་ཉིན་མོ་ཐེངས་ང་དྲུག་པའི་དྲིལ་སྒྲོག་བྱ་འགུལ་གྱིས་སའི་གོ་ལར་གཅེས་སྐྱོང་བྱས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་ཅེས་པ་བརྗོད་དོན་དུ་བཟུང་སྟེ། རང་བྱུང་ཐོན་ཁུངས་ནི་འཚོ་གནས་ཀྱི་རྨང་གཞི་དང་འཕེལ་རྒྱས་དང་དམངས་ཚིས་ཀྱི་རྩ་བ། སྐྱེ་ཁམས་ཀྱི་གཞི་རྟེན་ཡིན། མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་མ་ལག་གིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་པའི་སྤྱིའི་དམིགས་འབེན་ལ་དམིགས་ཏེ། རྒྱལ་ཁོངས་བར་སྟོང་གསར་སྤེལ་དང་སྲུང་སྐྱོབ་རྣམ་པ་རྒྱུན་མཐུད་ངང་ལེགས་སྒྱུར་བྱས་ཤིང་། སྤུས་ཚད་མཐོ་བའི་འཆར་གཞི་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་མཐུན་སྦྱོར་མཉམ་སྤེལ་བྱེད་པར་སྐུལ་འདེད་བཏང་། དུས་མཉམ་དུ། རི་ཆུ་ནགས་ཞིང་། མཚེའུ་རྩྭ་ས་བྱེ་ཐང་བཅས་གཞི་གཅིག་ཏུ་སྲུང་སྐྱོབ་དང་ཉམས་གསོ་བྱེད་པར་གཅིག་འདོམས་སྐུལ་འདེད་བཏང་ཞིང་། ནུས་ཤུགས་ཡོད་དགུས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་འགོག་སྲུང་ཁུལ་ཤར་ཕྱོགས་ཀྱི་ཙོང་ཆུའི་བཞུར་རྒྱུད་ཀྱི་རི་ཆུ་ནགས་ཞིང་། མཚེའུ་རྩྭ་ས་བྱེ་ཐང་བཅས་གཞི་གཅིག་ཏུ་སྲུང་སྐྱོབ་དང་ཉམས་གསོའི་བཟོ་བསྐྲུན་ལས་གཞིར་སྐུལ་འདེད་བཏང་བ་དང་། སྔོན་ཆད་ཀྱི་བེད་མེད་གཏེར་ཁའི་སྐྱེ་ཁམས་ཉམས་གསོ་ལས་གཞི་རྩ་འཛུགས་དང་ལག་བསྟར་བྱས་ཤིང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་རྒྱུན་ཆད་མེད་པར་བརྟན་པོར་བསྐྲུན་ནས། སྔོ་བསངས་ཀྱི་ནམ་མཁའ་དང་ལྗང་མདོག་གི་ས་གཞི། དྭངས་གཙང་གི་ཆུ་བོ་རྒྱས་པའི་མཛེས་པའི་ཁྱིམ་གཞིས་ཤིག་འབད་པས་བསྐྲུན་བཞིན་ཡོད།
མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱི་ཏང་ཙུའུ་ཁོངས་མི། ཐིན་ཀྲང་གཞོན་པ་ཝང་ཧྥིན་ལིན་གྱིས་བཤད་རྒྱུར། སའི་གོ་ལར་གཅེས་སྐྱོང་བྱས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ་ནི་ང་ཚོའི་ཐུན་མོང་གི་དམིགས་འབེན་དང་རེ་སྙེག་ཅིག་ཡིན་པས། ང་ཚོས་རང་རྟོགས་སྒོས་སའི་གོ་ལར་གཅེས་སྐྱོང་བྱེད་པ་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་ཁྲོད་ཞུགས་ཏེ། སྟབས་བདེ་འོས་འཚམ་དང་ལྗང་མདོག་ཐཱན་ཉུང་གི་འཚོ་བ་རོལ་སྟངས་ལག་བསྟར་བྱས་ནས། ང་ཚོའི་སའི་གོ་ལ་འདི་མཁའ་དབུགས་གཙང་ཞིང་། ཚང་ཚང་གཡུ་ལོ་རབ་ཏུ་རྒྱས་ཤིང་། གཙང་ཆབ་སྔོན་མོའི་བཞུར་རྒྱུན་རིང་བའི་ཁྱིམ་གཞིས་ཤིག་ཏུ་འགྱུར་བར་བྱེད་དགོས་ཟེར།
ཐེངས་འདིའི་བྱ་འགུལ་འདི་གླུ་གར་འཁྲབ་སྟོན་དང་། བརྗོད་དོན་འགྲེམ་པང་། འཕྲེང་བྱང་འགེལ་བ། མཚོན་བྱེད་ཡི་གེ་སྦྱོར་བ། བརྙན་ཐུང་སོགས་ཀྱི་རྣམ་པས་སྤེལ་ཞིང་། ཡུལ་དངོས་དང་དྲ་ལམ་ཟུང་འབྲེལ་གྱི་ཐབས་ལམ་དང་། རྒྱུ་ལམ་མང་པོར་བརྟེན་ནས་ཤུགས་ཆེན་པོས་དྲིལ་སྒྲོག་བྱས། གཙོ་བོ་རང་བྱུང་ཐོན་ཁུངས་ཀྱི་རྒྱལ་ཁབ་གནས་ཚུལ་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བཅའ་ཁྲིམས་དྲིལ་སྒྲོག་བྱེད་པ་དང་། རང་བྱུང་ཐོན་ཁུངས་ཀྱི་འདུ་ཤེས་གསར་བ་དང་། བྱེད་ཐབས་གསར་བ། ལག་རྩལ་གསར་བ་ཁྱབ་གདལ་དུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱིས་སའི་གོ་ལའི་ཐོན་ཁུངས་དང་ཁོར་ཡུག་ལ་སྔར་ལས་ལྷག་པའི་གཅེས་སྐྱོང་བྱེད་རྒྱུ་དང་། སའི་གོ་ལར་སྲུང་སྐྱོབ་བྱེད་རྒྱུ་དེ་མི་རེ་རེའི་རང་རྟོགས་ཀྱི་འགུལ་སྐྱོད་ཞིག་ཏུ་འགྱུར་བར་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ངོས་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རང་འགུལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལག་ལེན་ཁྲོད་ཧུར་ཐག་གིས་ཞུགས་རྒྱུའི་འབོད་སྐུལ་བཏང་།
རིག་འཛིན་སྒྲོལ་མས་བསྒྱུར།