ཟླ5པའི་ཚེས9ཉིན། ཞིང་ཆེན་སྤྱི་བདེ་ཐིན་གྱིས་ཏང་སྲོལ་སྲིད་སྲོལ་དང་ཉེན་རྟོག་པའི་སྤྱོད་ཚུལ་ཐད་ཀྱི་ལྟ་སྐུལ་པ་གདན་ཞུ་ལས་བསྐོ་བྱེད་པའི་གྲོས་ཚོགས་སྐབས་དྲུག་པ་བསྡུས་པ་དང་། ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོ་ནས་ཡོང་བའི་འཐུས་ཚབ་པ་སོ་གཉིས་སྐབས་དང་པོའི་ལྟ་སྐུལ་པར་བདམས།
ཐེངས་འདིའི་གདན་ཞུ་ལས་བསྐོའི་དམིགས་འབེན་ནི་སྤྱི་བདེ་དམག་དཔུང་གི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བར་སྐུལ་འདེད་གཏོང་རྒྱུ་དེ་རེད། གསར་དུ་གདན་ཞུ་བྱས་པའི་ལྟ་སྐུལ་པས་སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་བསྟར་གྱོད་སྒྲུབ་དང་སྤྱི་ཚོགས་བཅོས་སྐྱོང་། སྲིད་འཛིན་ཞབས་ཞུ་སོགས་ཀྱི་ཁྱབ་ཁོངས་གཙོ་བོར་དམིགས་ནས། གནད་ལ་འཁེལ་བའི་སྒོ་ནས་གནད་དོན་འཚོལ་བ་དང་། དག་ཐེར་ལེགས་བཅོས་ལ་སྐུལ་འདེད་བཏང་སྟེ། གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་རོགས་ཤུགས་འདོན་རྒྱུ་རེད། དེ་དང་མཉམ་དུ། ཁོ་ཚོས་ད་དུང་ཆེད་ལས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། བརྟག་བཤེར་ཞིབ་འཇུག་སྤེལ་བ། ཁེ་ལས་ཀྱི་དགོས་མཁོ་དངོས་སུ་ཡར་ཞུ་བྱས་ནས། སྤྱི་བདེའི་སྲིད་ཇུས་བྱེད་ཐབས་གནས་ཚུལ་དངོས་དང་མཐུན་པ་དང་ཕན་འབྲས་ལྡན་པར་སྐུལ་འདེད་གཏོང་རྒྱུ་རེད། དེ་ལས་གཞན། ལྟ་སྐུལ་པས་ད་དུང་སྤྱི་བདེ་བྱ་བ་དང་དཔུང་སྡེའི་འཛུགས་སྐྲུན་ཐད་ཀྱི་ཁྱད་ཆོས་དྲིལ་སྒྲོག་བྱེད་པའི་འགན་ཕྲག་ཏུ་འཁུར་ཡོད་པ་དང་། ཉེན་རྟོག་དང་མང་ཚོགས་བར་གྱི་བརྗེ་རེས་ལྕགས་ཟམ་འཛུགས་པ་བརྒྱུད་དེ། སྤྱི་ཚོགས་ལས་རིགས་སོ་སོའི་སྤྱི་བདེ་བྱ་བའི་ཐད་ཀྱི་རྒྱུས་ལོན་དང་རྒྱབ་སྐྱོར་ཇེ་མཐོར་གཏོང་བ་དང་། མཉམ་སྐྲུན་མཉམ་བཅོས་དང་མཉམ་སྤྱོད་ཀྱི་སྣང་ཚུལ་བཟང་བོ་གྲུབ་པར་བྱེད་རྒྱུ་རེད།
ལྟ་སྐུལ་བྱ་བ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་ཆེད། རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་དང་ཉེན་རྟོག་རིགས་སོ་སོ། མི་དམངས་ཉེན་རྟོག་པ་ཡོངས་བཅས་ཀྱིས་རང་འགུལ་གྱིས་ལྟ་སྐུལ་དང་ལེན་བྱས་པ་དང་། མངོན་གསལ་དང་ཡོངས་ཁྱབ། དམངས་འདོད་ཀྱི་ཉེན་རྟོག་པའི་ལས་དོན་བསྒྲུབ་རྒྱུ་རེད། ལྟ་ཞིབ་སྡེ་ཁག་གིས་ཞབས་ཞུ་སྦྲེལ་མཐུད་བྱ་བ་བཟང་བོར་བསྒྲུབ་པ་དང་། ལྟ་སྐུལ་གྱི་རྣམ་པ་གསར་གཏོད་བྱེད་པ། ནང་འདྲེན་བྱེད་པ་དང་ཕྱིར་བསྐྱོད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། ལྟ་སྐུལ་པ་རྩ་འཛུགས་བྱས་ནས་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་འཕྲིན་བཅར་དོ་དག་ལ་ཞིབ་བཤེར་དང་ལྟ་སྒྲུབ་བྱེད་པ། མི་དམངས་ཉེན་རྟོག་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་གྱོད་གཞིར་བརྟག་བཤེར་བྱེད་པ་སོགས་བྱ་བའི་ཁྲོད་ཞུགས་ཏེ། སྤྱི་བདེ་བྱ་བའི་བརྒྱུད་རིམ་ཧྲིལ་བོ་དང་ཁྱབ་ཁོངས་ཡོངས་ཀྱི་ལྟ་སྐུལ་མངོན་འགྱུར་བྱ་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།