ཡུས་ཧྲུའུ་ཁུལ་གྱི་ཁེ་ལས་དྲུག་པེ་ཅིང་རྒྱལ་སྤྱིའི་ཚན་རྩལ་ཐོན་ལས་འགྲེམ་ཚོགས་ལ་ཞུགས།
2025.05.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས8ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུའུ་ཡིས་ཡུས་ཧྲུའུ་ཡི་མཐོ་སྒང་ཐོན་ལས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས། ཡུས་ཧྲུའུ་ཁུལ་གྱི་ཚན་རྩལ་རིགས་ཀྱི་ཁེ་ལས་དྲུག་བདམས་ཏེ། ཀྲུང་གོ་པེ་ཅིང་རྒྱལ་སྤྱིའི་ཚན་རྩལ་ཐོན་ལས་འགྲེམ་ཚོགས་སྐབས་ཉེར་བདུན་པའི་སྟེང་ཡུས་ཧྲུའུ་ཡི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་རིག་གནས་གསར་གཏོད་བཟོ་རྩལ་ཐོན་རྫས་དྲིལ་སྒྲོག་དང་འོས་སྦྱོར་ཕྱིར་འཚོང་བྱས།

ཐེངས་འདིའི་བྱ་འགུལ་ཁྲོད། པེ་ཅིང་མཚོ་སྔོན་ཡུས་ཧྲུའུ་བཀོད་འདོམས་པུའུ་ཡིས་བྱ་འགུལ་གྱི་མ་དངུལ་རྒྱབ་སྐྱོར་དང་ཡུས་ཧྲུའུ་ཡི་ཁེ་ལས་གདམ་གསེས། ཡུས་ཧྲུའུ་ཡི་འགྲེམ་སྟེགས་ཇུས་འགོད། ཁྱད་ལྡན་ཐོན་རྫས་འགྲེམ་སྟོན། མི་རིགས་ཁྱད་ཆོས་འགྲེམ་སྟོན་སོགས་ཀྱི་སྔོན་དུས་ཀྱི་བྱ་བའི་ཕྱོགས་ནས་རྒྱབ་སྐྱོར་ཤུགས་ཆེན་དང་མཛུབ་སྟོན་བཟང་བོ་བྱས་ནས། ཡུས་ཧྲུའུ་ཡི་མཐོ་སྒང་ཁྱད་ལྡན་ཐོན་རྫས་དྲིལ་སྒྲོག་འོས་སྦྱོར་བྱེད་པ་དང་ཞིང་ཆེན་ཕྱིའི་ཚོང་ར་རྒྱ་བསྐྱེད་པའི་ཐད་ཤུགས་ཡོད་འདེགས་སྐྱོར་འདོན་སྤྲོད་བྱས། བྱ་འགུལ་ཁྲོད། ཡུས་ཧྲུའུ་ས་ཆའི་ཁེ་ལས་དྲུག་གིས་ཞིང་ཕྱུགས་ཐོན་རྫས་དང་དབྱར་རྩྭ་དགུན་འབུ། བཟོ་རྩལ་ཐོན་རྫས་སོགས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཡུས་ཧྲུའུ་ཡི་ཐོན་རྫས་ཁྱེར་ནས། དུས་ཡུན་ཉིན་བཞི་རིང་གི་འགྲེམ་ཚོང་ལ་ཞུགས་པར་དགའ་བསུ་ཆེན་པོ་ཐོབ། ཡུས་ཧྲུའུ་ཡི་ཁེ་ལས་དྲུག་གིས་འགྲེམ་ཚོགས་ལ་ཞུགས་པའི་ཁེ་ལས་ཀྱི་འཐུས་ཚབ་དང་མཉམ་ལས་འགོད་རྒྱུའི་འདོད་བློ་ཡོད་པའི་སྡེ་ཁག་བར་བརྗེ་རེས་བགྲོ་གླེང་བྱས་ནས། རྗེས་ཕྱོགས་སུ་ཡུས་ཧྲུའུ་ཡིས་ཚོང་རའི་ཐབས་ལམ་གསར་བ་རྒྱ་སྐྱེད་པ་དང་ཁྱད་ལྡན་ཐོན་རྫས་གསར་བ་གསར་སྤེལ་བྱེད་པ། ཚོང་གཉེར་ཀྱི་་སྟེགས་བུ་གསར་བ་འཛུགས་པའི་རྨང་གཞི་བཏིངས།