ཟླ5པའི་ཚེས9ཉིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དུ་སྡོད་པའི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཆུང་གིས་ཞིང་ཆེན་ཡོངས་སུ་ཁེ་ལས་དང་འབྲེལ་བའི་སྐྱེ་ཁམས་ཁོར་ཡུག་ཚད་ལྡན་དུ་གཏོང་བའི་སྲིད་འཛིན་ཁྲིམས་བསྟར་གྱི་གཅིག་བསྡུས་ལེགས་བཅོས་ཀྱི་ཆེད་དོན་འགུལ་སྐྱོད་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས་པ་དང་། མཚོ་སྔོན་གྱིས་ཕྱོགས་ཡོངས་ནས་ཁེ་ལས་དང་འབྲེལ་བའི་སྐྱེ་ཁམས་ཁོར་ཡུག་གི་སྲིད་འཛིན་ཁྲིམས་བསྟར་གྱི་མངོན་གསལ་གནད་དོན་གྲལ་བཤེར་ལེགས་བཅོས་བྱས་ཏེ། ནུས་ཤུགས་ཡོད་རྒུས་གཅིག་བསྡུས་ལེགས་བཅོས་ཐད་ཕན་འབྲས་ལེན་པར་སྐུལ་འདེད་གཏོང་རྒྱུ་རེད།
ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་གཅིག་བསྡུས་ལེགས་བཅོས་ཀྱི་ཆེད་དོན་འགུལ་སྐྱོད་སྤེལ་བ་དང་། དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་འབྲེལ་ཞིང་། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་ཡོད། གཅིག་བསྡུས་ལེགས་བཅོས་ཀྱི་ཆེད་དོན་འགུལ་སྐྱོད་གོ་སྐབས་སུ་བརྩིས་ནས། ཁེ་ལས་དང་འབྲེལ་བའི་ཞིབ་བཤེར་གཅིག་འདོམས་ཀྱི་འགག་སྒོ་དང་ཚད་ལྡན་དུ་གཏོང་བའི་འགག་སྒོ། ནང་འཇུག་གི་འགག་སྒོ། རྩ་བའི་འགག་སྒོ། སྤྱོད་གཙང་གི་འགག་སྒོ་བཅས་དམ་འཛིན་ནན་མོ་བྱེད་པ་དང་། ཁྲིམས་བསྟར་ཁྱབ་ཁོངས་ཀྱི་མངོན་གསལ་གནད་དོན་སྐོར་ཞིག་ཐག་གཅོད་བྱས་ཏེ། ཁྲིམས་བསྟར་གཅིག་འདོམས་ལ་ཤུགས་སྣོན་པ་དང་། ཁེ་ལས་ལ་བར་ཆད་བཟོ་བའི་བྱ་སྤྱོད་ཇེ་ཉུང་དུ་གཏོང་བ། བསྐྱར་ཟློས་ཀྱིས་ཁྲིམས་བསྟར་བྱེད་པ་དང་ཕྱོགས་མང་པོས་ཁྲིམས་བསྟར་བྱེད་པ། གང་འདོད་དུ་ཁྲིམས་བསྟར་བྱེད་པ་བཅས་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། ཁྲིམས་བསྟར་ཚད་ལྡན་ལ་ཤུགས་སྣོན་པ་དང་། ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་བཏང་ནས། གཏན་འཁེལ་གྱི་ལས་རིམ་ལྟར་ཞིབ་བཤེར་མི་བྱེད་པ་དང་། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་ཕན་ལ་གནོད་སྐྱེལ་བ་སོགས་ཀྱི་གནད་དོན་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། ཁྲིམས་བསྟར་ཞབས་ཞུར་ཤུགས་སྣོན་པ་དང་། ཁེ་ལས་ཀྱི་ཁྲིམས་འགལ་ཉེན་ཁ་ཇེ་ཆུང་དུ་བཏང་སྟེ། གྱོད་གཞི་ཡོད་རུང་ཞིབ་བཤེར་མི་བྱེད་པ་དང་། དམིགས་བསལ་ཁྱབ་ཁོངས་ལ་ཞིབ་བཤེར་བྱེད་པ། ཚད་གཞི་གཅིག་ལ་བརྟེན་ནས་ཚང་མར་ཁྲིམས་བསྟར་བྱེད་པ་བཅས་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སྲིད་འཛིན་གྱི་རྩོད་གཞི་ཇེ་ཉུང་དུ་བཏང་ནས། ལུགས་མཐུན་མིན་པའི་བྱ་སྤྱོད་དང་། ཁྲིམས་བསྟར་ལ་ཐེ་གཏོགས་བྱེད་པ། མིའི་ཚུལ་ལུགས་ལ་བརྟེན་ནས་ཁྲིམས་བསྟར་བྱེད་པ་སོགས་ཀྱི་གནད་དོན་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།
ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་རྩ་འཛུགས་ཀྱིས་སྐུལ་འདེད་གཏོང་བར་ཤུགས་སྣོན་པ་དང་། ཕྱོགས་ཡོངས་ནས་གནད་དོན་ལ་གྲལ་བཤེར་བྱེད་པ། རིགས་དབྱེ་ཇུས་འདོན་ཡོ་བསྲང་བྱེད་པ། ཁྲིམས་སྲོལ་སྒྲིག་སྲོལ་ལྟར་ཞིབ་བཤེར་ཐག་གཅོད་བྱེད་པ་དང་། གནད་དོན་ལ་རྗེས་འདེད་པའི་ཕན་འབྲས་ལ་ཤུགས་བསྣན་ནས། གཅིག་བསྡུས་ལེགས་བཅོས་ཀྱི་བྱ་བའི་ཐད་ཕན་འབྲས་ལེན་པར་ཁག་ཐེག་བྱེད་དགོས། ཞིང་ཆེན་གྱིས་སྤྱིའི་འགན་འཁྲི་ཁུར་བ་དང་། གྲོང་ཁྱེར་དང་རྫོང་གིས་གཙོ་བོ་དམ་འཛིན་བྱེད་པ། ཞིབ་བཤེར་བསྒྱུར་བཅོས་ཡོ་བསྲང་བཅས་ལ་གཞི་གཅིག་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་དང་། ལས་འགན་ལ་དམིགས་ནས་དོན་འཁྱོལ་དམ་འཛིན་བྱེད་པ། ཞན་ས་བཙལ་ནས་ལེགས་བཅོས་ལ་སྐུལ་འདེད་གཏོང་བ་དང་། དམིགས་འབེན་ལ་གཞིགས་ནས་ཕན་འབྲས་ལེན་དགོས། མཐུན་སྦྱོར་གཅིག་འདོམས་ལ་ཤུགས་སྣོན་པ་དང་། ཁེ་ལས་དང་འབྲེལ་བའི་སྐྱེ་ཁམས་ཁོར་ཡུག་གི་སྲིད་འཛིན་ཁྲིམས་བསྟར་གྱི་སྤུས་འདེགས་ནུས་འཕར་དང་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་བྱ་བ་གཅིག་གྱུར་བྱེད་པའི་རྨང་གཞིའི་སྟེང་། ནུས་ཤུགས་ཡོད་རྒུས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་པོ་བསྐྲུན་པ་དང་། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་བསྟར་ཡིད་རྟོན་ནུས་པ་དང་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་སྟེ། ཁེ་ལས་ཀྱིས་སྦག་བཙོག་གཙང་སེལ་བྱེད་པའི་ནང་གནས་སྒུལ་ཤུགས་བསྐྱེད་པ་དང་། ལྗང་མདོག་འཕེལ་རྒྱས་དང་ཚུལ་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་གཏོང་དགོས། དེ་དང་མཉམ་དུ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དང་། ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གི་སྦྲེལ་མཐུན་གཞོགས་འདེགས་ལ་ཤུགས་བསྣན་ནས། ཁྲིམས་འཛིན་འགན་སྲུང་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ། སྐྱེ་ཁམས་ཁྲིམས་བསྟར་བཅས་ཀྱི་བྱ་བའི་རྣམ་པ་གྲུབ་པར་བྱེད་དགོས།
ལྷ་མོ་འཚོས་བསྒྱུར།