མཚོ་སྔོན་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་བྱེད་ཐབས་སྣ་མང་སྤྱད་དེ་དཔྱིད་འདེབས་དངོས་ཟོག་སྐྱེལ་འདྲེན་བདེ་འཇགས་ལ་འགན་ལེན་བྱས།
2025.05.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་ནི་མཚོ་སྔོན་ཞིང་ཆེན་གྱི་དཔྱིད་འདེབས་ལ་གྲ་སྒྲིག་བྱེད་ཀྱིན་པའི་གནད་འགག་གི་དུས་སྐབས་ཡིན་པས། ཞིང་ལས་རྒྱུ་ཆ་སྐྱེལ་འདྲེན་གྱི“གེགས་མེད་བགྲོད་ལམ”ཤར་གཏོང་ཐུབ་པར་འགན་ལེན་དང་དཔྱིད་འདེབས་ཐོན་སྐྱེད་ཀྱི་གཞུང་ལམ་སྐྱེལ་འདྲེན་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་ཆེད། མཚོ་སྔོན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས“བདེ་འཇགས་ལ་འགན་ལེན་དང་གེགས་མེད་ཤར་གཏོང་ཐུབ་པར་བྱེད་པ། དམངས་ཚིས་ལ་སྲུང་སྐྱོབ་བྱེད་པ”བཅས་ཀྱི་བསམ་ཕྱོགས་ལ་དམ་པོར་དམིགས་ཏེ། བྱེད་ཐབས་སྣ་མང་སྤྱད་དེ་དཔྱིད་འདེབས་དངོས་ཟོག་སྐྱེལ་འདྲེན་གྱི་ཚད“ཇེ་མགྱོགས་སུ”བཏང་ནས། ཞིང་ལས་ཐོན་སྐྱེད་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་དཔྱིད་དུས་ཀྱི་ལམ་སྐྱོང་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ལམ་སྐྱོང་ལས་ཁུངས་རྩ་འཛུགས་བྱས་ཏེ། “རྐང་ཐང་སྐོར་ཞིབ་དང་རླངས་འཁོར་སྐོར་ཞིབ”ཀྱི་ཟུང་འབྲེལ་བྱེད་ཐབས་སྤྱད་དེ། ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་གི་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་དང་ལམ་ངོས། ཟམ་མ། ཕུག་ལམ་སོགས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས། ལྷག་པར་དུ་འགྲིམ་འགྲུལ་རྒྱུག་ཚད་ཆེ་བ་དང་ལམ་གྱི་གནས་ཚུལ་རྙོག་འཛིང་ཆེ་བ། དོན་སྐྱོན་འབྱུང་སླ་སའི་ལམ་དུམ་གཙོ་གནད་དུ་བཟུང་ནས་སྐོར་ཞིབ་བྱས། དུས་མཚུངས་སུ། ས་གནས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་ཁོངས་གཏོགས་ཁུལ་གྱི་ཞིང་ས་དང་ཞིང་ལས་རྒྱུ་ཆའི་ཁྲོམ་ར། ཞིང་ལས་མཉམ་ལས་ཁང་བཅས་སུ་བསྐྱོད་པའི་ལམ་ཐིག་གཙོ་གནད་དུ་བཟུང་སྟེ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་ལེགས་སྒྲིག་བྱས་ཏེ། ལམ་ངོས་ཀྱི་ས་དོང་དང་འབའ་འབུར་མི་སྙོམས་པའི་གས་སྲུབས་སོགས་ཀྱི་གནད་དོན་དུས་ཐོག་ཏུ་ཞིག་གསོ་བྱས་ནས། རླངས་འཁོར་ལམ་ངོས་བརྒྱུད་སྐབས་འདར་ལྡེམ་མི་བྱེད་པ་དང་ཞིང་ལས་རྒྱུ་ཆ་སྐྱེལ་འདྲེན་གྱི་ཟད་གྲོན་ཇེ་ཉུང་དུ་བཏང་སྟེ། དཔྱིད་འདེབས་དང་ཡུལ་སྐོར་དང་ཞིང་ལས་རྒྱུ་ཆ་སྐྱེལ་འདྲེན་ལ་བདེ་འཇགས་དང་བདེ་སྣང་གི་བགྲོད་ལམ་ཁོར་ཡུག་བསྐྲུན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།