ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཐབས་གསུམ་མཉམ་སྤྱོད་ཀྱིས་ལས་བཟོ་པའི་འཛད་སྤྱོད་ཐད་རམ་འདེགས་བྱས།
2025.05.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས12ཉིན། གསར་འགོད་པས་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་ནས་རྒྱུས་་ལོན་བྱུང་བ་ལྟར་ན། ད་ལོར། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་ཆེད། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་འཛད་སྤྱོད་མཐོར་འདེགས་གཏོང་བའི་ཆེད་དོན་འགུལ་སྐྱོད་ཇུས་གཞི་དང་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་འབྲེལ་ཡོད་རེ་བ་ལྟར། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བཟོ་ཚོགས་ཀྱི་ཆེད་སྤྱོད་གྲོན་དངུལ་སྒོར་ས་ཡ་བརྒྱད་ལྷག་བཀོད་སྒྲིག་བྱས་ནས། སྤྱིའི་བཟོ་ཚོགས་ཀྱི་བྱེད་ཐབས་སྣ་བཅུའི་བཀོད་སྒྲིག་རེ་བར་སྦྲེལ་མཐུད་གནད་ལ་འཁེལ་བ་བྱས་པ་དང་། ལས་བཟོ་བའི་འཛད་སྤྱོད་ཐད་རམ་འདེགས་བྱས།

བཟོ་ཚོགས་ཀྱི་ཆེད་སྤྱོད་འགྲོ་གྲོན་ཁ་གསབ་མ་དངུལ་སྒོར་ས་ཡ་གསུམ་བཏང་ནས། གཙོ་བོར་ཞིང་ཆེན་ཐད་གཏོགས་ལས་ཁུངས་གྱ་བཞིའི་བཟོ་ཚོགས་ཀྱིས་ལས་བཟོ་པའི་དམངས་ཡོངས་ཀྱི་ལུས་སྦྱོང་དང་སྤྲོ་འཕེལ་ལུས་རྩལ་འགྲན་ཚོགས། དཔེ་ཀློག་འཁྲབ་བཤད་འགྲན་སྡུར། གློག་བརྙན་ལ་ལྟ་བ་སོགས་ཁྱད་ཆོས་ལྡན་པའི་རིག་གནས་དང་ལུས་རྩལ་བྱ་འགུལ་སྤེལ་བར་རྒྱབ་སྐྱོར་བྱས་ཏེ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་རྒྱ་ཆེའི་ལས་བཟོ་པར་ཕན་བཏགས་པ་དང་། རིག་གནས་ལུས་རྩལ་གྱི་འཛད་སྤྱོད་ཐད་སྐུལ་འདེད་བཏང་།

བཟོ་ཚོགས་གྲོན་དངུལ་གྱི་འགུལ་རྣམ་ཕྱིར་གཏོང་ལམ་ལུགས་ལག་བསྟར་བྱས་ནས། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་བཟོ་ཚོགས་ལ་བཟོ་ཚོགས་ཀྱི་གྲོན་དངུལ་སྒོར་ས་ཡ་བཞི་དང་འབུམ་གཅིག་ཕྱིར་ཁ་གསབ་བྱས་པ་དང་། ཚོགས་མིའི་སྐྱེས་སྐར་སྐབས་སུ་སྨོན་འདུན་ཞུ་བ་དང་སྲོལ་རྒྱུན་གྱི་དུས་ཆེན་སྐབས་སུ་ཚང་མར་འཚམས་འདྲི་བྱེད་པ། གཉེན་སྒྲིག་དང་བུ་སྐྱེས་སྐབས་སེམས་ཁུར་བྱེད་པ། ལས་འཁྱུར་ངལ་གསོ་བྱེད་སྐབས་མཛད་སྒོ་བསྡུ་བ་སོགས་ཀྱི་ཚད་གཞི་ཅན་གྱི་ཞབས་ཞུ་མ་ལག་དོན་འཁྱོལ་བྱས་ཏེ། ལས་བཟོ་བའི་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་དང་ལས་བཟོ་བར་ཞབས་འདེགས་ཞུ་བའི་ཆུ་ཚད་རྒྱུན་མ་ཆད་ཇེ་མཐོར་བཏང་།

དྲོད་སྐྱེལ་ཆེད་སྤྱོད་མ་དངུལ་སྒོར་ས་ཡ་གཅིག་དང་ཁྲི་གསུམ་བཏང་ནས། གཙོ་བོར་ལུགས་རྙིང་དང་ལུགས་གསར་ལོ་སར་སྐབས་སུ་དྲོད་ཁོལ་སྐྱེལ་བའི་ཆེད་དོན་འགུལ་སྐྱོད་སྤེལ་བ་དང་ནད་ལྕི་མོ་བྱུང་ནས་སྨན་ཁང་དུ་སྡོད་སྐབས་འཚམས་འདྲི་བྱེད་པ། གློ་བུར་དུ་བྱུང་བའི་དོན་རྐྱེན་གྱི་དབང་གིས་འཚོ་བར་དཀའ་ཁག་ཡོད་པའི་ལས་བཟོ་བའི་ཁྱིམ་ཚང་ལ་འཚམས་འདྲི་བྱེད་པ་བཅས་ཀྱི་ཐད་རྒྱབ་སྐྱོར་བྱས་ནས། དྲོད་ཁོལ་སྐྱེལ་བ་དང་མི་གཞུང་ཐུགས་ཁུར་བྱེད་རྒྱུ་དེ་རྒྱུན་རྣམ་ཅན་དུ་འགྱུར་བར་བྱས།

རིན་ཆེན་མཚོས་བསྒྱུར།