ཟླ5པའི་ཚེས12ཉིན་གྱི་རྒྱལ་ཡོངས་གནོད་འགོག་གནོད་སྐྱོབ་ཉིན་མོ་ཐེངས་བཅུ་བདུན་པའི་སྐབས་སུ། ཞིང་ཆེན་མེ་འགོག་མེ་གསོད་མྱུར་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རུ་ཁག་རྩ་འཛུགས་བྱས་ནས་རྣམ་པ་མང་བ་དང་ཁེབས་རྒྱ་ཆེ་བའི་གནོད་འགོག་གནོད་སྐྱོབ་ཀྱི་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་། ཚན་རྩལ་ཁྱབ་གདལ་དང་སློབ་གསོ་དྲིལ་སྒྲོག མེ་གསོད་ཡོ་བྱད་འགྲེམ་སྟོན་བྱེད་པ། ཉེན་ཁ་བཤེར་སྟོན་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། མང་ཚོགས་ཀྱི་གནོད་འགོག་གནོད་སྐྱོབ་འདུ་ཤེས་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཅས་སུ། མེ་འགོག་མེ་གསོད་ཀྱི་དྲིལ་སྒྲོག་མི་སྣས་ཚན་རྩལ་ཁྱབ་གདལ་ཁུལ་བཙུགས་ནས། མཐོ་སྒང་གི་འཚོ་བའི་ཁྱད་ཆོས་ལ་ཁ་གཏད་དེ་མེ་འགོག་གི་རྒྱུན་ཤེས་འགྲེལ་བཤད་བྱས་པ་དང་། རྒྱ་བོད་སྐད་གཉིས་ཀྱི་དྲིལ་སྒྲོག་ལག་དེབ་མར་བཀྲམས། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སོགས་ཀྱིས་རྟོག་སྣང་དངོས་ཡོད་ལག་རྩལ་གྱི་མེ་སྐྱོན་གཡོལ་ཐབས་ཉམས་ལེན་བྱེད་ས་དང་མེ་གསོད་ཡོ་བྱད་འགྲེམ་སྟོན་ཁུལ་བཙུགས་ནས། མང་ཚོགས་ཀྱིས་ཉམས་ལེན་བརྒྱུད་དེ་ཉེན་གཡོལ་རྩལ་ནུས་ལ་རྒྱུས་ལོན་བྱེད་དུ་བཅུག མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མེ་འགོག་མེ་གསོད་མྱུར་སྐྱོབ་ཡན་ལག་རུ་ཁག་གིས་ལས་ཁུངས་མང་པོ་དང་མཉམ་འབྲེལ་བྱས་ནས་མཚོ་སྔོན་པོའི་ལྗོངས་རྒྱུ་ཁུལ་དུ་ཆེད་དོན་ཞིབ་བཤེར་སྤེལ་བ་དང་། གཙོ་བོར་ཚོང་ཁང་གི་མེ་འགོག་མེ་གསོད་བདེ་འཇགས་ཐད་ཀྱི་ཉེན་ཁར་བཅོས་སྐྱོང་བྱས།
ཞིང་ཆེན་མེ་འགོག་མེ་གསོད་མྱུར་སྐྱོབ་སྤྱི་ཁྱབ་རུ་ཁག་གི་འབྲེལ་ཡོད་འགན་ཁུར་མི་སྣས། གནོད་འགོག་གནོད་སྐྱོབ་ཀྱི་དྲིལ་སྒྲོག་སློབ་གསོ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ནས། ཉེན་ཁ་བཤེར་སྟོན་བཅོས་སྐྱོང་རྒྱུན་རྣམ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། དམངས་ཡོངས་ཟབ་ཞུགས་དང་མཉམ་འགོག་མཉམ་བཅོས་ཀྱི་བདེ་འཇགས་འགོག་མཚམས་བཙུགས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཐད་བདེ་འཇགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།
རིན་ཆེན་མཚོས་བསྒྱུར།