ཟླ5ཚེས7ཉིན་ནས་ཚེས10ཉིན་བར་དུ། པེ་ཅིང་དང་། ཐེན་ཅིན། སི་ཁྲོན། ཧྲའན་ཞི། ཁྲུང་ཆིན། ཧི་ནན་སོགས་ཞིང་ཆེན་དང་གྲོང་ཁྱེར་ཉེར་གཅིག་གི་རྒྱལ་ཡོངས་ཁེ་ལས་བརྒྱའི་ཡིད་རྟོན་ཡུལ་སྐོར་ཁང་གི་འཐུས་མི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་འཛོམས་ནས། ཐང་བོད་གནའ་ལམ་གྱི་རིག་གནས་ལམ་ཐིག་དེད་ནས་རིག་གནས་ཡུལ་སྐོར་ཐོན་ཁོངས་ཀྱི་རྟོག་ཞིབ་བྱ་བ་གཏིང་ཟབ་ཏུ་སྤེལ་ཞིང་། ཡུལ་དངོས་རྟོག་དཔྱོད་དང་། དངོས་སྣང་ཉམས་ལེན། ཆེད་དོན་བཞུགས་མོལ་བཅས་ཟུང་འབྲེལ་བྱེད་པའི་ཐབས་ལམ་བརྒྱུད། ཡུས་ཧྲུའུ་ཡི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་འཆར་གཞིར་མཉམ་དུ་གྲོས་མོལ་བྱས།
ཐེངས་འདིའི་བྱ་འགུལ་ནི་ཡུས་ཧྲུའུ་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ལམ་ཐིག་བསྡུ་ལེན་འགུལ་སྐྱོད་སྐོར་ཐེངས་གཉིས་པ་ཡིན་ལ། བྱ་འགུལ་གྱི་ཁྲོད་དུ། ལམ་ཐིག་བསྡུ་ལེན་ཚོགས་པས་སྔ་གཞུག་ཏུ་ནང་ཆེན་རྫོང་དང་། ཁྲི་འདུ་རྫོང་། ཡུས་ཧྲུའུ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ས་ཁུལ་དུ། མཐོ་སྒང་གི་སྐྱེ་ཁམས་དང་། ཁམས་པའི་རིག་གནས། ཡུས་ཧྲུའུ་ཡི་ཟས་མཆོག་སོགས་ཁྱད་ལྡན་ཐོན་ཁུངས་ལ་མ་ལག་ལྡན་པའི་གསལ་འབྱེད་བྱས། ཡུལ་སྐོར་ཁང་གི་འཐུས་མིས་བལྟས་ན། ཡུས་ཧྲུའུ་རུ་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཆ་ཨ་ཆེན་གངས་རྒྱབ་དང་། རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་། རྒྱལ་ཁབ་རིམ་པའི་བོད་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་སོགས་གནས་ཡུལ་མང་པོ་གཞི་གཅིག་ཏུ་འདུས་ཡོད་པས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་བསྐྲུན་པར་འཛམ་གླིང་རིམ་པའི་ཐོན་ཁུངས་དགེ་མཚན་ལྡན། གྲོས་མོལ་གཏིང་ཟབ་བྱས་པ་བརྒྱུད། སྲིད་གཞུང་དང་ཁེ་ལས་ཕྱོགས་གཉིས་ཀྱིས་འཐབ་ཇུས་མཉམ་ལས་ཀྱི་གྲོས་ཆོད་བཀོད་པ་དང་། མ་འོངས་པར་སྲིད་གཞུང་དང་ཁེ་ལས། ཞིབ་འཇུག་བཅས་ཀྱི་མཐུན་སྦྱོར་སྟེགས་བུ་བསྐྲུན་ཏེ། ཐོན་ཁུངས་ཕྱོགས་དང་རྒྱུ་ལམ་ཕྱོགས་ཀྱི་མཉམ་སྒུལ་རྣམ་པར་གཞི་བཅོལ་ནས། ཡུལ་དངོས་རྟོག་དཔྱོད་དང་ཐོན་རྫས་མཉམ་བསྐྲུན། སྲིད་ཇུས་རོགས་འདེགས་བཅས་ཀྱི་གདུབ་ཟུམ་རྐྱེན་སྲོལ་བཙུགས་ནས་ལམ་ཐིག་གྲགས་ཅན་ཁྱབ་སྤེལ་བཏང་སྟེ་ཡུལ་སྐོར་ཁུངས་སྣེ་ཕན་ཚུན་བསྐྱལ་རེས་ཀྱི་རྣམ་པ་གྲུབ་པར་བྱེད་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། ཡུས་ཧྲུའུ་ཁུལ་གྱི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་ལམ་ཐིག་བསྡུ་ལེན་ཚོགས་པའི་ཡུལ་སྐོར་ཁང་གཙོ་བོའི་བར་ལོ་ཧྲིལ་བོའི་ཡུལ་སྐོར་བ་ཡུས་ཧྲུའུ་རུ་འགུག་པའི་འཐབ་ཇུས་མཉམ་ལས་ཀྱི་གྲོས་ཆོད་བཀོད་དེ། རྒྱུ་ལམ་ཐོན་ཁུངས་དང་བདག་གཉེར་ཉམས་མྱོང་ལ་བརྟེན་པ་དང་། དུས་མཉམ་དུ་དྲ་ལམ་དང་ཡུལ་དངོས་ཀྱི་འཚོང་གཉེར་མ་ལག་བཙུགས་ཏེ། ས་གནས་ཀྱི་ཁྱད་ཆོས་བསྐྲུན་ཤུགས་ཆེ་རུ་གཏོང་བ་དང་། ཡུལ་སྐོར་ཁུངས་སྣེ་སྐྱེལ་བསུ་དང་ཐོན་ལས་ཧྲིལ་བོའི་ཕྲེང་འབྲེལ་ཀྱི་ཞབས་ཞུའི་འགན་སྲུང་གནད་དུ་འཁེལ་བར་བྱས་ནས། སྲིད་ཇུས་ཀྱི་དགེ་མཚན་དེ་ཚོང་རའི་སྒུལ་ནུས་སུ་འགྱུར་བར་བྱེད་རྒྱུ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།