ཉེ་ལམ། གསར་འགོད་པས་ཞིང་ཆེན་ཚན་རྩལ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ཚན་རྩལ་སྒོ་འབྱེད་མཉམ་ལས་ལ་ཤུགས་བསྣན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ལོ་གསུམ་འགུལ་སྐྱོད་ཀྱི་ཇུས་གཞི་བཏོན་པ་དང་། མཚོ་སྔོན་མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ཁྱབ་ཁོངས་ཀྱི་ཚན་རྩལ་གྱི་དགོས་མཁོ་གལ་ཆེན་ལ་དམིགས་ནས། རིགས་སོ་སོའི་ཚན་རྩལ་གསར་གཏོད་ཐོན་ཁུངས་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བསྣན་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ནུས་པ་ཇེ་ཆེར་བཏང་སྟེ། མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་པར་ཚན་རིག་གི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས།
ཇུས་གཞི་ལས། 2027ལོའི་ལོ་མཇུག་བར་དུ། ཆུ་ཚད་མཐོ་བའི་གསར་གཏོད་ཚོགས་པ་སུམ་ཅུ་ཅན་ནང་འགུག་བྱས་ཏེ། ཁོ་ཚོ་དང་མཉམ་འབྲེལ་སྒོས་རྒྱལ་ཁབ་རིམ་པའི་གསར་གཏོད་སྟེགས་བུ་བཅུ་གསར་སྤེལ་བྱེད་པ་དང་། འགག་རྩའི་ལག་རྩལ་གལ་ཆེན་ཁག་བཅུ་ཐག་གཅོད་བྱེད་པ། སྔོན་ཐོན་བེད་སྤྱོད་ལག་རྩལ་ཁག་བརྒྱ་ནང་འདྲེན་བྱེད་པ། ལག་རྩལ་བསྡུ་འགུག་བྱེད་པའི་ཉོ་ཚོང་ཡོང་འབབ་སྒོར་ཐེར་ཆེན་གཅིག་ལས་བརྒལ་ཞིང་། ཞིང་ཆེན་རིམ་པའི་ཚན་རྩལ་འཆར་འགོད་ལས་གཞིའི་བརྒྱ་ཆའི་བདུན་ཅུའི་ཡན་དེ་ཞིང་ཆེན་ཕྱི་དང་མཉམ་ལས་ལག་བསྟར་བྱེད་པ་དང་། ཚན་རྩལ་སྒོ་འབྱེད་མཉམ་ལས་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲིད་སྟོན་དང་དབུས་ཁུལ་ཐོན་ཁུངས་མཐུན་སྦྱོར། ཤར་ནུབ་སྟོབས་ཤུགས་མཉམ་འགུལ་བཅས་ཀྱི་མཐུན་སྦྱོར་གསར་གཏོད་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གྲུབ་པར་བྱེད་དགོས་པ་གཏན་འཁེལ་བྱས།
ཐོན་ལས་ལག་རྩལ་གསར་སྤེལ་མཉམ་ལས་ལ་ཤུགས་སྣོན་པའི་ཐད། ཁེ་ལས་ཀྱིས་གནད་དོན་འདོན་པའི་གསར་གཏོད་ཀྱི་དགོས་མཁོ་གྲུབ་པའི་རྐྱེན་སྲོལ་ལ་ཤུགས་བསྣན་པ་དང་། ཐོན་ལས་ལག་རྩལ་གྱི་དགོས་མཁོ་སྐོང་ཅི་ཐུབ་བྱས་ཤིང་། ལག་རྩལ་མཉམ་ལས་ཀྱི་འདོད་བློ་བཏོན་པ་དང་། ལེགས་འདེམས་རྒྱབ་རྟེན་དང་། མིང་འདོན་སྤྱི་བསྒྲགས། འགྲན་སྡུར་ལམ་ལུགས། རྗེས་གསབ་རོགས་འདེགས་སོགས་ཀྱི་རྣམ་པ་སྤྱད་དེ། ཁྱབ་ཁོས་གཙོ་བོའི་འགག་རྩའི་ལག་རྩལ་གསར་སྤེལ་མཉམ་ལས་ལ་ཤུགས་བསྣན་པ་དང་། གསར་གཏོད་སྟེགས་བུ་མཉམ་འབྲེལ་སྒོས་མཉམ་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། ཐོན་ལས་ཕྲེང་སྦྲེལ་མཐུན་སྦྱོར་གསར་གཏོད་ལ་སྐུལ་འདེད་བཏང་།
ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་མཉམ་ལས་ཀྱི་བརྒྱུད་རིམ་ཁྲོད། ལག་རྩལ་བརྗེ་རེས་ཁྲོམ་ར་འཐུས་ཚང་དུ་བཏང་བ་དང་། ཆ་འཕྲིན་ཁྱབ་བསྒྲགས་དང་། གྲུབ་འབྲས་འགྲེམ་སྟོན། ཐོན་ཁུངས་མཐུན་སྦྱོར། ལག་རྩལ་བརྗེ་རེས་སོགས་ཀྱི་ནུས་པ་ཚང་མ་འཛོམས་པའི་དྲ་ཐོག་ཞབས་ཞུའི་སྟེགས་བུ་སྐྲུན། གྲུབ་འབྲས་ཚུལ་སྒྱུར་གྱི་ཞབས་ཞུའི་སྟེགས་བུ་མཉམ་སྐྲུན་བྱས་ཏེ། ཤར་ཕྱོགས་ཀྱི་ལག་རྩལ་ནུབ་ཕྱོགས་ཀྱིས་སྤྱོད་པའི་གྲུབ་འབྲས་ཚུལ་སྒྱུར་རྣམ་པ་དང་། ནུབ་ཕྱོགས་ཀྱི་ལག་རྩལ་ཤར་ཕྱོགས་ཀྱིས་སྤྱོད་པའི་ལག་རྩལ་རོགས་སྐྱོར་རྣམ་པ་སྐྲུན།
རྒྱལ་ཁབ་ཀྱི་ལག་རྩལ་ནུབ་བྱང་ལྟེ་གནས་སུ་སྤོ་སྒྱུར་བྱེད་པའི་མཚོ་སྔོན་ཡན་ལག་ལྟེ་གནས་འཛུགས་པར་སྐུལ་འདེད་བཏང་བ་དང་། ཧྲང་ཧེ་དང་མཚོ་སྔོན་གྱི་ལག་རྩལ་སྤོ་སྒྱུར་རྟེན་གཞི་སོགས་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ཞབས་ཞུའི་ལས་ཁུངས་དང་བརྟེན་ས་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། གྲུབ་འབྲས་ཚུལ་སྒྱུར་གྱི་བརྒྱུད་ལམ་གེགས་མེད་ཡོང་བར་བྱས།
གསར་གཏོད་བྱེད་པོ་གསར་སྤེལ་མཉམ་ལས་ལ་ཤུགས་བསྣན་པ་དང་། ཁེ་ལས་ཀྱིས་ལག་རྩལ་གསར་བར་ཚུལ་སྒྱུར་ལ་རྒྱབ་སྐྱོར་བྱས་ཏེ། གསར་གཏོད་མཉམ་འབྲེལ་ཚོགས་པ་སྒྲིག་འཛུགས་བྱས་ཤིང་། ཐོན་ལས་ཕྲེང་སྦྲེལ་གྱི་རྒྱུན་སྲིང་བདང་སྤུས་ཀ་མཐོར་འདེགས་གཏོང་བ། ཕྲེང་སྦྲེལ་བསྐྲུན་པ་བཅས་ཀྱི་ཚོང་འགུག་ཆུ་ཚད་ཇེ་མཐོར་བཏང་ནས། མཉམ་འབྲེལ་སྒོས་ཚན་རྩལ་ཁེ་ལས་གསར་སྤེལ་བྱས། མཐོ་རིམ་སློབ་གྲྭའི་རྩ་འཛུགས་ཅན་གྱི་ཚན་ཞིབ་ཆུ་ཚད་མཐོར་འདེགས་བཏང་བ་དང་། གསར་སྤེལ་འདོན་སྤྲོད་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། རྣམ་པ་གསར་བའི་གསར་སྤེལ་ལས་ཁུངས་མཉམ་སྐྲུན་བྱས།
འཇོན་མིའི་བློ་གྲོས་བརྗེ་རེས་མཉམ་ལས་བྱེད་པར་དམིགས་ནས། འཐབ་ཇུས་ཀྱི་ཚན་རྩལ་འཇོན་མི་ནང་འགུག་བྱས་པ་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཚན་རྩལ་བློ་འདྲིའི་བྱེད་ནུས་འདོན་སྤེལ་ལེགས་པོ་བྱས་ཏེ། ལག་རྩལ་གྱི་འགག་སྒོ་གལ་ཆེན་རྩ་འཛུགས་བྱེད་པར་རྒྱབ་སྐྱོར་བྱས་ཤིང་། ཁུལ་ཁོངས་བརྒལ་བའི་འཇོན་མི་འགྲོ་འོང་བྱེད་པར་སྐུལ་འདེད་བཏང་། ཚན་རྩལ་དངུལ་རྩའི་ཞབས་ཞུའི་མཉམ་ལས་ལ་ཤུགས་བསྣན་པ་དང་། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་གི་དངུལ་གཏོང་དགོས་མཁོ་རྒྱུན་རྣམ་ཅན་གྱི་སྦྲེལ་མཐུད་རྐྱེན་སྲོལ་དང་ཐོན་ཁུངས་མཉམ་སྤྱོད་རྐྱེན་སྲོལ་འཐུས་ཚང་བཙུགས་ལ། སྒོ་བྱང་བཀལ་བའི་རྗེས་གྲབས་ཁེ་ལས་ཀྱི་རྨང་གཞིའི་ཐོན་ཁུངས་མཛོད་དང་སྒོ་བྱང་བཀལ་བའི་རྗེས་གྲབས་ཁེ་ལས་ཀྱི་ལེགས་འདེམས་མཛོད་འཐུས་ཚང་བཙུགས་ཏེ། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་ཚོང་རར་བསྐྱོད་དེ་དངུལ་གཏོང་བྱེད་པར་སྐུལ་མ་བཏང་།
དེ་དང་མཉམ་དུ། ཇུས་གཞི་ལས་མཚོ་སྔོན་གྱི་ཚན་རྩལ་གསར་གཏོད་འཕེལ་རྒྱས་ཀྱི་དངོས་ཡོད་ལ་རྐང་བཙུགས་པ་དང་། སྒོ་འབྱེད་མཉམ་ལས་འཕེལ་རྒྱས་ཀྱི་དམིགས་འབེན་ལ་དམ་པོར་དམིགས་ནས། ཚན་རྩལ་སྒོ་འབྱེད་མཉམ་ལས་ལ་ཤུགས་སྣོན་པའི་ལམ་ལུགས་རྐྱེན་སྲོལ་གཏན་འཁེལ་གསལ་བོ་བྱས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་། ཤར་ནུབ་རྒྱུད་མཉམ་ལས། ཀྲུང་དབྱང་ལས་ཁུངས་ཀྱི་དམིགས་འཛུགས་རོགས་སྐྱོར་སོགས་ཀྱི་རྐྱེན་སྲོལ་ལ་བརྟེན་ནས། བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་དྲུག་པོ་གཙོ་གནད་ལ་བརྩིས་ཏེ། ཚན་རྩལ་སྒོ་འབྱེད་མཉམ་ལས་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། ཕྱི་ཕྱོགས་ཐོན་ཁུངས་ནུས་ལྡན་སྒོས་བེད་སྤྱོད་བྱས་ནས་ཁེ་ལས་གཙོ་བོའི་གསར་གཏོད་ནུས་པར་ཤུགས་བསྣན། ཚན་རྩལ་གསར་གཏོང་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་བ་དེ་དམིགས་འབེན་དུ་བྱས་ནས། ཁེ་ལས་གཙོ་བོར་འཛིན་པ་དང་གནད་དོན་ཁྲིད་ཕྱོགས་སུ་བྱེད་པ་རྒྱུན་འཁྱོངས་དང་། གསར་གཏོད་དགོས་མཁོ་འཚོལ་བསྡུ་སྔོག་འདོན་དང་འདེམས་བཤེར་སྦྱོང་བརྡར། ཁྱབ་བསྒྲགས་སྦྲེལ་མཐུད། ལག་རྩལ་འགག་སྒྲོལ། གྲུབ་འབྲས་ཚུལ་སྒྱུར་བཅས་གཞི་གཅིག་གི་ཚན་རྩལ་སྒོ་འབྱེད་མཉམ་ལས་ཐབས་ལམ་འཐུས་ཚང་དུ་བཏང་། བཅོས་སྒྱུར་གསར་གཏོད་སྲིད་ཇུས་ཀྱི་གསོན་ཤུགས་བསྐྱེད་པ་དང་། ཚན་རྩལ་མཉམ་ལས་སྲིད་ཇུས་གཅིག་སྡུད་བྱེད་པར་ཤུགས་བསྣན་ནས། རྒྱབ་སྐྱོར་སྲིད་ཇུས་བཅུ་གསུམ་ལེགས་སྒྲིག་བྱས་ཤིང་། ཚན་རྩལ་གསར་གཏོད་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱས་ལ། ནོར་སྲིད་ཚན་རྩལ་མ་དངུལ་བེད་སྤྱོད་ཕན་འབྲས་མཐོར་འདེགས་བཏང་བ་དང་། ཚན་རྩལ་མཉམ་ལས་སྒུལ་ཤུགས་བཏོན་ནས། ཐོན་ལས་ཀྱི་ལག་རྩལ་གསར་གཏོད་ནུས་པ་མཐོར་འདེགས་བཏང་།
ལྷ་མོ་འཚོས་བསྒྱུར།