ཟླ5པའི་ཚེས8ཉིན་ནས་ཚེས11ཉིན་བར། ཀྲུང་གོ་པེ་ཅིང་རྒྱལ་སྤྱིའི་ཚན་རྩལ་ཐོན་ལས་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་ཉེར་བདུན་པ་པེ་ཅིང་དུ་བསྡུས། སྐབས་འདིའི་ཚན་རྩལ་དངོས་མང་བཤམས་སྟོན་ཚོགས་འདུས་ཚན་རྩལ་གྱི་སྣེ་ཁྲིད་ལ་བརྟེན་ནས་མ་འོངས་གསར་གཏོད་བྱེད་པ་བརྗོད་དོན་དུ་བྱས་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་བརྒྱད་བརྒྱ་ལྷག་དངོས་མང་བཤམས་སྟོན་ཚོགས་འདུར་ཞུགས། རང་ཞིང་གིས་སྐབས་འདིའི་ཚན་རྩལ་བཤམས་སྟོན་ཚོགས་འདུའི་སྟེང་ཁྱད་ལྡན་དགེ་མཚན་ཁྱབ་ཁོངས་ཀྱི་ཆེས་གསར་ཚན་རྩལ་གྲུབ་འབྲས་དང་ཐོན་རྫས་འགྲེམ་སྟོན་དང་ངོ་སྤྲོད་བྱས་ནས། མཚོ་སྔོན་དང་ཞིང་ཆེན་གཞན་པའི་ཚན་རྩལ་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བཏང་བ་དང་། ཕུལ་དུ་བྱུང་བའི་ཚན་རྩལ་གྲུབ་འབྲས་མཚོ་སྔོན་དུ་དོན་འཁྱོལ་ཟབ་སྒྱུར་བྱེད་པར་ནང་འགུག་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཚན་རྩལ་ཐིན་གྱིས་ཐེངས་འདིའི་འགྲེམ་སྟོན་བྱ་འགུལ་རྩ་འཛུགས་བྱས་པ་དང་། རྩ་འཛུགས་ཨུ་ཡོན་ལྷན་ཁང་དང་སྦྲེལ་མཐུད་གང་ལེགས་བྱས་ལ། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་བའི་བརྗོད་དོན་ལ་དམིགས་ནས། ཚྭ་མཚོའི་ཐོན་ལས་གསར་གཏོད་དང་དག་གཙང་ནུས་ཁུངས་ཀྱི་སྣེ་ཁྲིད། མཐོ་སྒང་གི་ལྗང་མདོག་སྐྱེ་ཁམས་ཁམས་གསོ་བཅས་ཚན་པ་གསུམ་བཀོད་སྒྲིག་བྱས་ཡོད་ལ། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་ཟི་དང་རྒྱལ་དྲ་མཚོ་སྔོན་གློག་ཤུགས་ཀུང་ཟི། ནུབ་རྒྱུད་མཱེ་ལས་ཚད་ཡོད་འགན་ལེན་ཀུང་ཟི་སོགས་ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་དང་ལས་དོན་སྡེ་ཁག་བཅུ་གཉིས་རྩ་འཛུགས་བྱས་ནས། ཕུལ་དུ་བྱུང་བའི་ཚན་རྩལ་གྲུབ་འབྲས་དང་ཐོན་རྫས་ང་བཞི་ཚགས་འདེམས་བྱས་ནས་འགྲེམ་སྟོན་དང་ངོ་སྤྲོད་བྱས། འགྲེམ་ཚོགས་སྐབས་སུ། ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་ཁེ་ལས་དང་ལས་དོན་སྡེ་ཁག་གིས་ཞིང་ཆེན་ཕྱིའི་འབྲེལ་ཡོད་སྡེ་ཁག་དང་སྦྲེལ་མཐུད་ནན་མོ་བྱས་པ་དང་། ཐོག་མའི་མཉམ་ལས་ཀྱི་འདོད་བློ་བཀོད་དེ། ཚན་རྩལ་བརྗེ་རེས་མཉམ་ལས་དང་ཐོན་ལས་གསར་གཏོད་ལ་སྐུལ་འདེད་བཏང་།
རིན་ཆེན་མཚོས་བསྒྱུར།