ཞིང་ཆེན་སྲིད་གྲོས་ཀྱིས་མཐོ་སྒང་གི་ཁམས་གསོའི་ཐོན་ལས་འཕེལ་རྒྱས་ལ་གཞིགས་ནས་རྟོག་ཞིབ་བྱས།
2025.05.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ5པའི་ཚེས7ཉིན་ནས་ཚེས9ཉིན་བར། ཞིང་ཆེན་སྲིད་གྲོས་ཀྱི་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྩ་འཛུགས་བྱས་ཏེ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་ལ་སོང་བ་དང་། ནུས་ཤུགས་ཡོད་རྒུས་མཐོ་སྒང་གི་ཁམས་གསོའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། རང་འགུལ་སྒོས་བདེ་ཐང་ཀྲུང་གོའི་ཁྱོན་ཡོངས་ཁྲོད་འདྲེས་པ་དང་དེར་ཞབས་འདེགས་ཞུ་བར་དམིགས་ནས་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་སྔ་ཕྱིར་ཟི་ལིང་གྲོང་ཁྱེར་གྱི་པའོ་ཧོས་ཆུ་ཚན་ཁམས་གསོའི་ལྟེ་གནས་དང་། ཧོང་ཀྲུང་ཆུས་ཀྱི་ནགས་ཚལ་ཁམས་གསོའི་རྟེན་གཞི། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་པའེ་ལུང་རི་བོའི་རྒྱལ་ཁབ་ནགས་ཚལ་ཁམས་གསོའི་རྟེན་གཞི། མཚོ་སྔོན་ཞིང་ཆེན་གྱི་ལས་བཟོ་པའི་སྨན་བཅོས་ཁམས་གསོའི་རྟེན་གཞི། མཚོ་བྱང་ཁུལ་ཀྲུང་བོད་ལུགས་གསོ་རིག་ཞིབ་འཇུག་བེད་སྤྱོད་ལྟེ་གནས་སོགས་སུ་སོང་ནས་རྟོག་ཞིབ་བྱས་པར་མ་ཟད། གྲོང་ཁྱེར་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་སྨན་བཅོས་ལས་ཁུངས། ཁེ་ལས་ཀྱི་འགན་ཁུར་མི་སྣ་བཅས་ཀྱིས་བཞུགས་མོལ་བརྗེ་རེས་བྱས།

རྟོག་ཞིབ་ཚན་ཆུང་གིས་བལྟས་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག ས་གནས་སོ་སོས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་པ་དང་།  རང་ངོས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ལ། ལྗང་མདོག་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་འཚོལ་ཞིབ་བྱས་ཤིང་། ཐོན་ལས་ཀྱི་ལས་རྣམ་དང་ཐོན་རྫས་ཕུན་སུམ་ཚོགས་པར་བཏང་སྟེ། ཁྱད་ཆོས་སྣ་ཚོགས་ལྡན་པའི་ཉམས་མྱོང་བྱེད་ཐབས་གྲུབ་པ་དང་། མཐོ་སྒང་གི་ཁམས་གསོའི་ཐོན་ལས་རྒྱུན་མཐུད་སྒོས་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིངས། ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་མཐོ་སྒང་གི་ཁམས་གསོའི་ཐོན་ལས་ཀྱིས་བདེ་ཐང་ཀྲུང་གོའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ངེས་ཤེས་ཇེ་ཟབ་ནས་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་ལ། མཐོ་སྒང་ཁམས་གསོའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་འབེན་སྔར་ལས་གསལ་ཞིང་། མཐོ་སྒང་གི་ཁམས་གསོའི་ཐོན་ལས་དེ་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་གནས་པས། གོ་སྐབས་གལ་ཆེན་དང་འཕེལ་རྒྱས་ཀྱི་འགྲན་རྩོད་ལ་འཕྲད་ཡོད་པར་བརྟེན། མཐོ་སྒང་གི་ཁམས་གསོའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་རྟོགས་པར་བྱེད་པ་དང་། གོ་སྐབས་དམ་འཛིན་དང་རྟོག་ཞིབ་ཟབ་མོ་བྱས་ཏེ། མཐོ་སྒང་ཁམས་གསོའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པར་འདོད།

ལྷ་མོ་འཚོས་བསྒྱུར།