ཟླ5པའི་ཚེས12ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། གནས་བབ་གསར་བའི་འོག་ཏུ་ཁུལ་ཡོངས་ཀྱི་ལས་ཞུགས་ལས་གཏོད་བྱ་བ་ལེགས་པོར་བསྒྲུབ་ཆེད། ཉེ་ལམ། ཡུས་ཧྲུའུ་ཁུལ་གྱིས་ཡུས་ཧྲུའུ་ཁུལ་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་འགུལ་སྐྱོད་ཇུས་གཞི་སྤེལ་བ་དང་། བྱེད་ཐབས་སྣ་མང་སྤྱད་དེ་ལས་ཞུགས་ལས་གཏོད་ཀྱི་དངོས་ཡོད་དཀའ་གནད་ཐག་གཅོད་བྱས་ནས། ལས་ཞུགས་ལས་གཏོད་ཀྱི་བྱེ་བྲག་གི་ལས་འགན་དོན་ཐོག་ཏུ་འཁྱོལ་བར་བྱས།
ལས་ཞུགས་ལས་གཏོད་ཀྱི་བྱ་བ་ཞིབ་ཕྲའི་ངང་དོན་འཁྱོལ་བྱེད་ཆེད། 2025ལོའི་གྲོང་ཁྱེར་དང་རྫོང་སོ་སོའི་ལས་ཞུགས་ལས་འགན་གསལ་ཐོ་དང་ཁུལ་གྱི་ཐད་གཏོགས་སྡེ་ཁག་གི་དམིགས་འབེན་ལས་འགན་གསལ་ཐོ་གཉིས་གསེད་བཀྲོལ་བྱས། ལོ་ཧྲིལ་བོའི་གྲོང་ཁྱེར་དང་རྫོང་སོ་སོའི་གཙོ་གནད་ལས་འགན་ལ་དབྱེ་ཞིབ་བྱས་པ་དང་། རིག་གནས་ཡུལ་སྐོར་དང་མཉམ་འདྲེས་འཕེལ་རྒྱས་དེ་སྣེ་ཁྲིད་དུ་བྱས་ནས། ཞིང་ལས་ལུས་རྩལ་དང་རིག་གནས་ཡུལ་སྐོར་ཚོང་ལས་བཅས་ལས་རིགས་ལྔ་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་བ་དང་། སྡོད་ཁང་དང་འགྲིམ་འགྲུལ། ཆུ་བེད། ཞིང་ལས་དང་འབྲོག་ལས། ནགས་རྩྭ། འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་གི་ལས་ཞུགས་ལས་གནས་གསལ་སྤེལ་བྱེད་ཤུགས་སྔོག་འདོན་བྱས། ལས་ཞུགས་ལས་གཏོད་དང་ཞིང་ཆེན་བརྒལ་བའི་ལས་ཞུགས་སྒྱུར་སྤོ་ལ་དམིགས་ནས། ཡུས་ཧྲུའུ་ཁུལ་གྱི་ལས་གཏོད་ཀྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྐུལ་སློང་བྱེད་ཐབས་བཅུ་དང་། ཡུས་ཧྲུའུ་ཁུལ་གྱི་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྒྱུར་སྤོ་བྱེད་པའི་ལས་ཞུགས་ཀྱི་ཁ་གསབ་རོགས་དངུལ་བྱེད་ཐབས། ཡུས་ཧྲུའུ་ཁུལ་གྱི་ལས་ཞུགས་ལས་གཏོད་བྱ་བར་སྐུལ་འདེད་གཏོང་བའི་སྔོན་ཐོན་ས་ཁུལ་གྱི་སྐུལ་སློང་བྱེད་ཐབས་བཅས་སྐུལ་སློང་བྱེད་ཐབས་གསུམ་བཏོན་པ་རེད། ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་གསལ་ཐོ་གསར་སྒྱུར་བྱས་པ་དང་། སློབ་ཆེན་མཐར་ཕྱིན་སློབ་མ་དང་ལས་ཞུགས་ལ་དཀའ་ཁག་ཡོད་པའི་མི་སྣ་སོགས་ཚོགས་པ་མི་འདྲ་བ་དང་ཚོང་གཉེར་བྱེད་མཁན་ལ་དམིགས་ནས་སྲིད་ཇུས་བྱེད་ཐབས་རིགས་དབྱེ་གསེད་བཀྲོལ་བྱས་ཏེ། ཐོན་ལས་དང་ཁེ་ལས། ལས་ཞུགས་བཅས་མཐུན་སྦྱོར་ཡར་སྐུལ་ལ་སྐུལ་འདེད་བཏང་བ་དང་། སྲིད་གཞུང་གི་དངུལ་གཏོང་དང་ལས་གཞི་གལ་ཆེན། ཐོན་ལས་འཆར་འགོད་སོགས་ཁྱབ་ཁོངས་སུ་ལས་ཞུགས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆགས།
ལྷ་མོ་འཚོས་བསྒྱུར།