མཚོ་བྱང་ཁུལ་གྱིས་མ་དངུལ་སྒོར་ས་ཡ་བརྒྱད་དང་འབུམ་བརྒྱད་ཁྲི་བདུན་ལྷག་བཏང་ནས་ལོ་ལོན་གྱི་ཕན་བདེའི་ཟས་སྐོལ་བྱེད་སའི་ཆ་རྐྱེན་ཇེ་བཟང་དུ་གཏོང་བར་རྒྱབ་སྐྱོར་བྱས།
2025.05.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ལོ་ལོན་མི་ཚོགས་ཀྱི་རྒན་གསོའི་རིམ་ངོས་ཀྱི་རྒས་ན་གསོ་མཁན་ཡོད་པ་དང་རྒས་ན་བརྟེན་ས་ཡོད་པ། རྒན་པའི་འཚོ་བར་སྤྲོ་སྐྱིད་ལྡན་པའི་རེ་འདུན་གཙོ་བོར་གཙིགས་འཛིན་བྱས་ནས། ཟླ5པའི་ཚེས12ཉིན་བར་དུ། མ་དངུལ་སྒོར་ས་ཡ་བརྒྱད་དང་འབུམ་བརྒྱད་ཁྲི་བདུན་སྟོང་བཞི་ལྔ་བརྒྱ་བཀོད་སྒྲིག་བྱས་ཏེ། ལོ་ལོན་གྱི་ཕན་བདེའི་ཟས་སྐོལ་བྱེད་སའི་ཉིན་རྒྱུན་གྱི་འཁོར་རྒྱུག་དང་ལོ་ལོན་གྱི་ཕན་བདེའི་ཟས་སྐོལ་བྱེད་ས་གསར་དུ་ལས་པ། དེའི་ནུས་པ་མཐོར་འདེགས་གཏོང་བའི་ལས་གཞིར་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ཐད་བཀོལ་རྒྱུ་རེད།

མཚོ་བྱང་ཁུལ་གྱིས་ཕྱོགས་ཡོངས་ནས་ཕན་བདེའི་ཟས་སྐོལ་བྱེད་སའི་སྲ་བའི་སྒྲིག་ཆས་དང་ཞབས་ཞུའི་ནུས་པ་ལེགས་བསྒྱུར་བྱེད་པར་ཤུགས་བརྒྱབ་ནས། གསར་དུ་ལས་པའི་ཕན་བདེའི་ཟས་སྐོལ་བྱེད་ས་བཅུ་དྲུག་གི་འཛུགས་སྐྲུན་དང་ཕན་བདེའི་ཟས་སྐོལ་བྱེད་ས་བཞི་བཅུའི་ནུས་པ་མཐོར་འདེགས་གཏོང་བའི་ལས་གཞིའི་ཐད་མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་གཅིག་ཁྲི་བདུན་བཏང་སྟེ། ཕན་བདེའི་ཟས་སྐོལ་བྱེད་སའི་གྲངས་ཀ་ཇེ་མང་དུ་བཏང་བ་དང་སྤུས་ཚད་མཐོར་འདེགས་བཏང་། དེ་དང་མཉམ་དུ། ཆེད་སྤྱོད་མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་བདུན་སྟོང་བཞི་ལྔ་བརྒྱད་བཏང་ནས་ལོ་ལོན་གྱི་ཕན་བདེའི་ཟས་སྐོལ་བྱེད་སའི་ཉིན་རྒྱུན་གྱི་འཁོར་རྒྱུག་ཐད་འགན་སྲུང་བྱས་པ་དང་། ཕན་བདེའི་ཟས་སྐོལ་ཞབས་ཞུ་རྒྱུན་མཐུད་དང་བརྟན་འཇགས་ངང་སྤེལ་བར་ཁག་ཐེག་བྱས་ཏེ། ཕན་བདེའི་ཟས་སྐོལ་བྱེད་སའི་ཡུན་རིང་འཁོར་རྒྱུག་ཐད་རྨང་གཞི་བརྟན་པོ་བཏིངས། མིག་སྔའི་བར་དུ། ཁུལ་ཡོངས་སུ་ལོ་ལོན་གྱི་ཕན་བདེའི་ཟས་སྐོལ་བྱེད་ས་བརྒྱ་དང་བཅུ་གསུམ་ལས་པ་དང་། ཆ་རྐྱེན་གྱི་ཚད་གཞིར་བསླེབས་པའི་གྲོང་སྡེ་ཡོངས་སུ་ཁེབས་པར་བྱས་ལ། བསྡོམས་པས་ལོ་ལོན་མི་ཐེངས་འབུམ་བཞི་དང་ཁྲི་དགུ་ལ་ཞབས་འདེགས་ཞུས་ནས། དགོས་མཁོ་ཡོད་པའི་ལོ་ལོན་ཚང་མས་ཕན་བདེའི་ཟས་སྐོལ་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་པར་བྱས།

རིན་ཆེན་མཚོས་བསྒྱུར།