ད་ལོར། རྨ་ལྷོ་ཁུལ་གྱིས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས། རྒྱལ་ཁོངས་ལྗང་སྒྱུར་འགུལ་སྐྱོད་ཕྱོགས་ཡོངས་ནས་སྤེལ་བ་དང་། ལྗང་སྒྱུར་གྱི་གྲུབ་འབྲས་ཧ་ཅང་མངོན་གསལ་རེད།
སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོའི་ཁྱབ་ཁོངས་སུ། རྨ་ལྷོ་ཁུལ་གྱིས་བཟོ་སྐྲུན་གཙོ་བོར་དམིགས་ནས་ནུས་ཤུགས་གནད་ལ་འཁེལ་བ་བཏོན། ཚན་རིག་དང་མཐུན་པའི་སྒོ་ནས་རིགས་མི་འདྲ་བའི་སྐྱེ་ཁམས་ལས་གཞི་སྣ་ཚོགས་ཇུས་འགོད་བྱས་པ་དང་། ཨ་མྱེས་རྨ་ཆེན་རི་རྒྱུད་ཀྱི་ཆུ་ཁུངས་བསྐྱིལ་གསོག་དང་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་བྱེད་རྒྱུ་དེ་གནད་འགག་གི་ལས་འགན་དུ་བརྩིས་ནས། སྟོབས་ཤུགས་ཡོད་རྒུས་རོང་ཆུའི་བཞུར་རྒྱུད་ཀྱི་ས་ཆུ་ཤོར་བར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱ་བ་བཟང་བོར་སྤེལ། དེ་དང་མཉམ་དུ། ཁམས་ར་ནས་སྡོང་མགོ་ནགས་དང་རོང་བོ་འགག་ནས་དམེ་ཤུལ་ནགས་རའི་ལྗང་མདོག་སྐྱེ་ཁམས་བར་ཁྱམས་རིང་བོ་གསར་སྐྲུན་བྱས་པ་དང་། རྒྱལ་ཁབ་ཀྱི་རང་བྱུང་སྤྱི་གླིང་ཆེན་པོ་བདུན་དང་ཞིང་ཆེན་རིམ་པའི་རང་བྱུང་སྤྱི་གླིང་གཉིས་ཀྱི་སྲུང་སྐྱོབ་འཛུགས་སྐྲུན་རྒྱུན་མཐུད་ངང་སྤེལ་ནས། ཡུན་རིང་བྱས་རྗེས་འཇོག་པའི་ངར་ཤུགས་ཀྱིས་རྒྱལ་ཁོངས་ལྗང་སྒྱུར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་།
ལྗང་སྒྱུར་བྱ་བ་སྤེལ་བའི་བརྒྱུད་རིམ་ཁྲོད། རྨ་ལྷོ་ཁུལ་གྱིས་ཕྱོགས་མང་ཤུགས་འདོན་བྱས་ནས་ལྗང་སྒྱུར་བྱ་བ་གཏིང་ཟབ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། ཕྱོགས་གཅིག་ནས། ས་ཁུལ་མི་འདྲ་བར་སྐྱེ་བར་འཚམ་པའི་ཤིང་རིགས་དང་རྩྭ་སོན་གྱི་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ་དང་། ཕྱོགས་གཞན་ཞིག་ནས། རྗེས་དུས་ཀྱི་དོ་སྲུང་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། འགོག་གསོ་སྲུང་སྐྱོབ་དང་གསོ་སྐྱོང་དོ་དམ། གསབ་འཛུགས་གསབ་འདེབས་སོགས་ཀྱི་བྱེད་ཐབས་ལག་བསྟར་ནན་མོ་བྱས་ལ། ཞན་འགྱུར་རྩྭ་ས་དང་གསར་སྐྲུན་ནགས་སའི་ལེགས་ཞིབ་ཅན་གྱི་དོ་སྲུང་ལ་ཤུགས་བསྣན་ནས། བདེ་ཐང་བརྟན་འཇགས་དང་བྱེད་ནུས་ཆ་ཚང་གི་ནགས་རྩྭའི་སྐྱེ་ཁམས་མ་ལག་འཛུགས་པར་ནུས་ཤུགས་བཏོན།
དེ་ལས་གཞན། རྨ་ལྷོ་ཁུལ་གྱི་ནགས་རྩྭའི་དོ་སྲུང་མ་ལག་འཐུས་ཚང་དུ་བཏང་ནས། ཁུལ་ཡོངས་སུ་བསྡོམས་པས་རིམ་པ་སོ་སོའི་ནགས་དཔོན་དང་རྩྭ་དཔོན་བཞི་བརྒྱ་དང་དྲུག་བཀོད་སྒྲིག་བྱས་པ་དང་། ཁུལ་དང་རྫོང་། ཡུལ་ཚོ། སྡེ་བ་བཅས་རིམ་པ་བཞི་རུ་ཡོངས་སུ་ཁེབས་པའི་དོ་སྲུང་སྒྲོམ་གཞི་གྲུབ་པར་བྱས། ནགས་དཔོན་དང་རྩྭ་དཔོན་གྱི་མཉམ་ལས་བཅོས་སྐྱོང་རྐྱེན་སྲོལ་གྱི་དགེ་མཚན་འདོན་སྤེལ་བྱས་པ་དང་། ནགས་རྩྭའི་སྐྱེ་ཁམས་འཛུགས་སྐྲུན་དང་དོ་སྲུང་གི་འགན་འཁྲི་ལག་བསྟར་བྱེད་པར་གཅིག་འདོམས་བྱས་ལ། རིམ་པ་སོ་སོའི་ནགས་དཔོན་དང་རྩྭ་དཔོན་གྱིས་རང་འགུལ་གྱིས་འབད་འཐབ་བྱས་པ་དང་། སྐོར་ཞིབ་དོ་སྲུང་བྱ་བ་ཧུར་ཐག་གིས་སྤེལ་ནས། སྐྱེ་ཁམས་ཀྱི་གཞི་རྩ་ཇེ་བརྟན་དུ་གཏོང་བའི་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།
རིན་ཆེན་མཚོས་བསྒྱུར།