ཟླ5བའི་ཚེས15ཉིན། ཞིང་ཆེན་སྤྱི་བདེ་ཐིན་གྱིས་མཚོ་སྔོན་དངུལ་རྩ་ལྟ་ཞིབ་དོ་དམ་ཅུའུ་དང་མཉམ་འབྲེལ་སྒོས། “མི་དམངས་དང་བློ་སེམས་མཐུན་པོ་བྱས་ནས། ཁྱེད་ཉིད་ལ་སྲུང་སྐྱོབ་བྱེད”ཅེས་པ་དང“དངུལ་ཁུག་དམ་པོར་སྲུང་ནས་བདེ་སྐྱིད་ཁྱིམ་གཞིས་སྐྱོང་། སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང”ཞེས་པ་བརྗོད་གཞིར་བྱས་ཏེ། ཐེངས་བཅུ་དྲུག་པའི་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དཔལ་འབྱོར་ཉེས་འགལ་ལ་དོགས་ཟོན་དང་རྡུང་རྡེག་གཏོང་བའི་ཁྱབ་བསྒྲགས་ཉིན་མོའི་མུ་འབྲེལ་བྱ་འགུལ་སྤེལ་ནས། མི་དམངས་ཀྱི་དོགས་ཟོན་འདུ་ཤེས་མཐོར་འདེགས་བཏང་བར་མ་ཟད། མི་དམངས་ཀྱི་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱས།
བྱ་འགུལ་སྤེལ་ཡུལ་གཙོ་བོ་ཟི་ལིང་གྲོང་ཁྱེར་དཀྱིལ་སྙིང་ཐང་ཆེན་དུ་བྱས་པ་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་སྤྱི་བདེ་ལས་ཁུངས་སོགས་ལས་ཁུངས48ཞུགས་ཡོད། བྱ་འགུལ་དུ་ཐད་གཏོང་ལམ་གྱི་འགྲེམ་སྟོན་དང་དྲི་བར་ལན་འདེབས་པ་སོགས་བྱེད་ནུས་ཁུལ་ཆེན་པོ་བཞི་བཙུགས་ཡོད་ལ། ཚོང་གཉེར་དང་དངུལ་རྩའི་ཁྱབ་ཁོངས་ཀྱི་རྒྱུན་མཐོང་གི་ཁྲིམས་འགལ་བྱ་སྤྱོད་གཞིར་བཟུང་སྟེ། གར་ཆུང་དང་གླུ་དབྱངས་མཉམ་ལེན་སོགས་གསོན་ཉམས་ལྡན་པའི་ལེ་ཚན་ལ་བརྟེན་ནས་ཁྲིམས་འགལ་བྱེད་ཐབས་ཐེར་འདོན་བྱས། ཡུལ་དངོས་སུ་དཔལ་འབྱོར་མྱུལ་ཞིབ་སྲུང་དམག་གི་འཕུར་བསྐྱོད་མིག་མངས་སོགས་ཀྱི་རོལ་རྩེད་རྩེད་པ་དང་། IPམི་ཡི་སྣེ་ཁྲིད་དང་། འབྱོར་ཐོ་འགོད་སའི་གྱང་ངོས་སོགས་བཀོད་སྒྲིག་བྱས་ནས་རྒྱ་ཆེའི་མང་ཚོགས་མང་པོ་ནང་འགུག་བྱས་ཏེ་ཁྱོན་བསྡོམས་ཡིག་ཆ་ཁྲི་ལྷག་བྱིན་པ་དང་མི300ལྷག་གི་བློ་འདྲི་དང་ལེན་བྱས།
དྲ་ལམ་བརྒྱུད། སྨྱན་བྱེད་གསར་བའི་སྤྱི་སྟེགས་ནས་ཁྱབ་བསྒྲགས་བྱེད་ས་བཙུགས་ནས། ཆེད་མཁས་མི་སྣ་གདན་ཞུ་བྱས་ཏེ་ཐད་གཏོང་ལམ་ནས་ཁྲིམས་ལུགས་འགྲེལ་བཤད་བྱས། ཡུན་ཧྲན་ཧྥུAPPབརྒྱུད་དེ་བྱ་དགའ་ཡོད་པའི་དྲི་བ་དྲིས་ལན་གྱི་བྱེད་སྒོ་སྤེལ་བ་དང་། སྨྱན་བྱེད་སྤྱི་སྟེགས་ནས་དྲིལ་བསྒྲགས་ཀྱི་བརྙན་དང་བརྡ་ཁྱབ་སྤེལ་ཏེ། སྤོ་སྒུལ་བཀོལ་སྤྱོད་མཁན་གྱི་མི་ས་ཡ་བདུན་ལྷག་ལ་དྲིལ་བསྒྲགས་བརྡ་འཕྲིན་བཏང་ནས་དྲིལ་བསྒྲགས་ཀྱི་ཁེབས་ཚད་ཆེ་རུ་བཏང་། དེར་མ་ཟད། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་དཔལ་འབྱོར་མྱུལ་ཞིབ་སྡེ་ཁག་གིས་དངུལ་རྩའི་ལྟ་ཞིབ་དོ་དམ་སྡེ་ཁག་དང་མཉམ་འབྲེལ་སྒོས་དྲིལ་བསྒྲགས་རུ་ཆུང་སྒྲིག་འཛུགས་བྱས་ཏེ། སྡེ་ཁུལ་དང་མཐོ་རིམ་སློབ་གྲྭ། ཁེ་ལས་བཅས་ལ་ཟབ་ཞུགས་བྱས་ཏེ། ཆེད་དམིགས་འཆད་ཁྲིད་སོགས་ཀྱི་རྣམ་པར་བརྟེན་ནས་གཙོ་གནད་ཚོགས་སྤྱིར་དཔལ་འབྱོར་ཁྲིམས་འགལ་སྐོར་གྱི་ཁྲིམས་ལུགས་ཤེས་བྱ་ཁྱབ་བརྡལ་བཏང་བ་དང་། ཉེན་ཟོན་སྔོན་བརྡའི་སྒྲོག་བཤད་སྤེལ།
ཐེངས་འདིའི་དྲིལ་བསྒྲགས་བྱ་འགུལ་གྱིས་དམངས་ཀྱི་དཔལ་འབྱོར་ཁྲིམས་འགལ་གྱི་དོགས་ཟོན་འདུ་ཤེས་དང་ནུས་པ་མཐོར་འདེགས་བཏང་བ་དང་། སྤྱི་བདེ་ལས་ཁུངས་ཀྱི་དཔལ་འབྱོར་ཁྲིམས་འགལ་ལ་རྒོལ་རྡུང་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་བྱེད་པའི་ཆོད་སེམས་དང་གྲུབ་འབྲས་མངོན་ཡོད་པར་མ་ཟད། ཕྱོགས་སོ་སོ་ལྷན་དུ་དཔལ་འབྱོར་ཁྲིམས་འགལ་ལ་དོགས་ཟོན་དང་རྒོལ་རྡུང་གི་བྱ་བའི་ཁྲོད་ཞུགས་པར་སྐུལ་འདེད་དང་བདེ་འཇགས་མཚོ་སྔོན་འཛུགས་བསྐྲུན་བྱེད་པར་གཞོགས་འདེགས་བྱས།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།