ཚེས16ཉིན་གསར་འགོད་པས་དམངས་སྲིད་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། དམངས་སྲིད་པུའུ་ཡིས་ཉེ་ལམ2025ལོའི་ཀྲུང་དབྱང་ནོར་སྲིད་ཀྱིས་སྤྱི་ཚོགས་རྩ་འཛུགས་སྤྱི་ཚོགས་ཞབས་ཞུར་ཞུགས་པར་རྒྱབ་སྐྱོར་བྱེད་པའི་ལས་གཞི་ལག་བསྟར་བྱས་ཏེ། ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་བཞི་ས་ཡ་བཞི་འབུམ་དགུ་ཁྲི་གསུམ་དང་སྟོང་བདུན་དྲུག་བརྒྱ་བཀོད་སྒྲིག་བྱས་ཡོད། ལས་གཞི་དེའི་ཁ་ཕྱོགས་ས་གཙོ་བོ་ནི་བྱ་བའི་ཆ་རྐྱེན་ལྟོས་བཅོས་ཀྱིས་ཞན་ས་དང་། གཞི་རིམ་གྱི་དགོས་མཁོ་ཆེ་ས། དཔེ་སྟོན་སྣེ་ཁྲིད་ཀྱི་བྱེད་ནུས་ཆེ་བའི་ས་ཁུལ་ཡིན་ལ། རྒན་པ་དང་བྱིས་པར་ཞབས་འདེགས་ཞུ་བ་དང་། གྲོང་གསེབ་དར་སྤེལ་སོགས་ཁྱབ་ཁོངས་ལ་དམིགས་ཏེ་རྒྱལ་ཡོངས་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་དང་། ཤུགས་རྐྱེན་ཅུང་ཆེ་བའི་ས་གནས་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་ཀྱིས་སྤྱི་ཚོགས་ཞབས་ཞུ་སྤེལ་བར་མ་དངུལ་གྱིས་རོགས་བྱེད་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། ལས་གཞི་དེ2012ལོར་ལག་བསྟར་བྱས་པའི་ཚུན་ལ། སྤྱི་ཚོགས་རྩ་འཛུགས་ཀྱི་ཞབས་ཞུའི་ལས་གཞི3800ལྷག་ལ་རྒྱབ་སྐྱོར་བྱས་ཤིང་། ཐད་ཀར་ཁེ་ཕན་ཐོབ་མཁན་མི་ཐེངས་བྱེ་བ་གཅིག་ས་ཡ་གསུམ་ལྷག་ལ་སླེབས་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།