མཚོ་སྔོན་གྱི་མི་སྒེར་བཞི་དང་ཐུན་མོང་བཞི་ལ་རྒྱལ་ཡོངས་རང་བརྩོན་དཔེ་ལེགས་དང་དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་སྔོན་ཐོན་གཟེངས་བསྟོད་ཐོབ།
2025.05.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ5པའི་ཚེས16ཉིན། རྒྱལ་ཡོངས་དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཉིན་མོ་སོ་ལྔ་པ་ཐོན་ལ་ཉེ་བའི་སྐབས་སུ། རྒྱལ་ཡོངས་རང་བརྩོན་དཔེ་ལེགས་དང་དབང་བོ་སྐྱོན་ཅན་རོགས་རམ་གྱི་སྔོན་ཐོན་གཟེངས་བསྟོད་ཚོགས་ཆེན་ཐེངས་དྲུག་པ་པེ་ཅིང་དུ་བསྡུས་པ་དང་། རང་ཞིང་གི་མི་སྒེར་བཞི་དང་ཐུན་མོང་བཞི་ལ་གཟེངས་བསྟོད་ཐོབ།

ཐེངས་འདིའི་ཚོགས་ཐོག་ཏུ། ཀྲའོ་གོ་ཚུན་དང་། ཤ་བོ་བཀྲ་ཤིས། ཁྲིན་ཧའོ་བཅས་ལ་རྒྱལ་ཡོངས་རང་བརྩོན་དཔེ་ལེགས་ཀྱི་མཚན་སྙན་ཐོབ་པ་དང་། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་ལས་ཞུགས་ཞབས་ཞུའི་མཛུབ་སྟོན་ལྟེ་གནས་དང་། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་སྤྱི་ཚོགས་འགན་སྲུང་ཁྲུའུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དབང་བོ་སྐྱོན་ཅན་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས། གཏེར་ལེན་ཁ་གྲོང་ཁྱེར་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་རྒྱལ་ཡོངས་དབང་བོ་སྐྱོན་ཅན་ལས་དོན་གྱི་སྔོན་ཐོན་ཐུན་མོང་དུ་བདམས་ཐོན་བྱུང་ཞིང་། ཡན་ཧྭ་ཞིན་རྒྱལ་ཡོངས་དབང་བོ་སྐྱོན་ཅན་ལས་དོན་གྱི་སྔོན་ཐོན་མི་སྒེར་ལ་བདམས།

རྒྱུས་ལོན་པ་ལྟར་ན། རྒྱལ་ཡོངས་རང་བརྩོན་དཔེ་ལེགས་དང་དབང་བོ་སྐྱོན་ཅན་རོགས་རམ་གྱི་སྔོན་ཐོན་གཟེངས་བསྟོད་ཚོགས་ཆེན་ལོ་ལྔའི་ནང་ཐེངས་གཅིག་ལ་བསྡུ་བཞིན་པ་དང་། དེ་ནི་རང་རྒྱལ་གྱིས་དབང་བོ་སྐྱོན་ཅན་ལས་དོན་ཐད་འབུར་ཐོན་གྱི་བྱས་རྗེས་བཞག་པའི་མི་སྒེར་དང་ཐུན་མོང་ལ་བསྩལ་བའི་ཆེས་མཐོ་བའི་གཟེངས་བསྟོད་ཅིག་རེད། ཉེ་བའི་ལོ་འདི་འགར། མཚོ་སྔོན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་དབང་བོ་སྐྱོན་ཅན་ལས་དོན་འཕེལ་རྒྱས་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་རླབས་ཆེན་སྐྱོད་ལམ་ཁྲོད་དུ། དབང་བོ་སྐྱོན་ཅན་གྱི་རང་བརྩོན་དཔེ་ལེགས་དང་དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་སྔོན་ཐོན་སྐོར་ཞིག་བྱུང་ཡོད་ལ། རང་བརྩོན་དཔེ་ལེགས་དེ་དག་གིས་ཕུགས་འདུན་བརྟན་པོ་བཅངས་པ་དང་དཀའ་སྡུག་ལ་མ་འཛེམ་པར་རང་ཉིད་ལས་རྣམ་པར་རྒྱལ་ཞིང། ཐོག་མཐའ་བར་གསུམ་དུ་རང་སྟོབས་བཞིའི་སྙིང་སྟོབས་དར་སྤེལ་བྱས་པ་དང་། ཉམས་པ་མེད་པའི་སྙིང་སྟོབས་དང་ཁྱད་དུ་འཕགས་པའི་གྲུབ་འབྲས་ལ་བརྟེན་ནས། ཚེ་སྲོག་གི་སྙིང་བོ་དང་རིན་ཐང་ལ་གསལ་འགྲེལ་བྱས་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།