ཟླ་5པའི་ཚེས16ཉིན་བར་དུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་སྲིད་ཇུས་གསར་གཏོད་དང་ཚན་རྩལ་ནུས་འདོན། ཐོན་ལས་ཚུལ་སྒྱུར་བཅས་ཟུང་འབྲེལ་བྱེད་པའི་འཕེལ་རྒྱས་ཀྱི་མ་དཔེ་བརྒྱུད་དེ། ཕྱུགས་འགོག་ཁུལ་སྤྱི་ཆིང་འབུམ་བདུན་དང་ཁྲི་བརྒྱད་སྟོང་དྲུག་བདུན་བརྒྱའི་སྐྱེ་ཁམས་སླར་གསོ་བྱས་པ་དང་། རྩྭ་ཕྱུགས་དོ་སྙོམས་ཁུལ་སྤྱི་ཆིང་ས་ཡ་གཅིག་དང་འབུམ་ལྔ་ཁྲི་དགུ་སྟོང་དགུ་ཉིས་བརྒྱར་སྐྱེ་སྟོབས་རྒྱས་སུ་བཅུག་སྟེ། མཐོ་སྒང་གི་རོང་འབྲོག་ཁུལ་གྱི་གྲོང་གསེབ་དར་སྤེལ་ཐད་རྒྱུན་མཐུད་ཀྱི་ལྗང་མདོག་སྒུལ་ཤུགས་བསྣན།
མཚོ་བྱང་ཁུལ་གྱིས་རྫོང་དང་ཡུལ་ཚོ། གྲོང་སྡེ། ཁྱིམ་ཚང་བཅས་རིམ་པ་བཞིའི་བྱང་གསུམ་གཅིག་སྒྲིལ་གྱི་ཤེས་ཚོར་བྱང་བུའི་མ་ལག་ཐོག་མ་བསྐྲུན་ནས། ཞིང་ཆེན་ཡོངས་སུ་སྔོན་དུ་ཕྱུགས་འགོག་དང་རྩྭ་ཕྱུགས་དོ་མཉམ་གྱི་ཤེས་ཚོར་བྱང་བུའི་ལམ་ལུགས་ལག་བསྟར་བྱས་པ་དང་། རྫོང་དང་ཡུལ་ཚོ། གྲོང་སྡེ་དང་ཁྱིམ་ཚང་བཅས་ལ་རིམ་པ་བགོས་ནས་ཤེས་ཚོར་བྱང་བུ་ཁྲི་གཅིག་དང་སྟོང་ལྔ་བཙུགས་ཏེ། རྩྭ་ཐང་གི་འགན་ལེན་རྒྱ་ཁྱོན་དང་ཕྱུགས་འགོག གཞུང་ལུགས་སྟེང་གི་ཕྱུགས་ཟོག་ཤོང་ཚད་སོགས་གནད་འགག་གི་གཞི་གྲངས་ལ་འགུལ་རྣམ་ལྟ་ཞིབ་བྱས། ཤོང་ཚད་ལས་བརྒལ་བའི་གཙོ་གནད་ཁུལ་ཁོངས་གསུམ་བྱང་བཀལ་ལྟ་སྒྲུབ་ཁུལ་དུ་དབྱེ་འབྱེད་གཏན་འབེབས་ཁུལ་བྱས་ནས། རྩྭ་ཕྱུགས་དོ་མཉམ་གྱི་འགུལ་རྣམ་གཙང་སེལ་བྱེད་པར་སྐུལ་འདེད་བཏང་། ཀན་སུའུ་ཀྲང་ཡའེ་སོགས་ས་ཁུལ་གྱི་གཟན་རྩྭ་ཐོན་ཁུངས་བོགས་གཏོང་བྱས་པ་བརྒྱུད་དེ། ཁུལ་ཁོངས་བརྒལ་བའི་ཕྱུགས་ལས་ཐོན་ཁུངས་བེད་སྤྱོད་བྱས་པ་དང་། ཁུལ་ཡོངས་སུ་ཕྱུགས་ཟོག་འབུམ་གཉིས་དང་ཁྲི་གཅིག་ལྷག་གསོ་སྤེལ་བྱས་ལ། རང་ས་ཆའི་རྩྭ་སའི་ཕྱུགས་ཟོག་ཤོང་ཚད་ཀྱི་གནོན་ཤུགས་བརྒྱ་ཆའི་དགུ་དང་གྲངས་ཆུང་དྲུག་ཏུ་ཇེ་དམའ་རུ་སོང་།
མཚོ་བྱང་ཁུལ་གྱིས་ས་འཕུར་དཔལ་འབྱོར་བར་ཁྱམས་ཀྱི་མཉམ་ལས་དཔེ་གཞི་བཙུགས་ཏེ། ཞིང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དྲུག་གི་ལོ་རེའི་ཡོང་སྒོ་འཕར་སྣོན་བྱེད་ཚད་སྒོར་བྱེ་བ་ལྷག་ལས་བརྒལ་བར་སྣེ་ཁྲིད་བྱས། རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་བྱེད་པའི་བཟོ་སྐྲུན་ལས་གཞི་ནན་ཏན་སྒོས་འཛུགས་སྐྲུན་བྱས་པས། 2024ལོར་མཚོ་བྱང་ཁུལ་གྱིས་མི་ཐབས་ལ་བརྟེན་ནས་རྩྭ་ས་སྤྱི་ཆིང་སྟོང་བཞི་ལ་རྩྭ་བཏབ་པ་དང་། རྩྭ་ས་སྤྱི་ཆིང་ཁྲི་གཅིག་དང་སྟོང་བརྒྱད་སུམ་བརྒྱ་སོ་གསུམ་ལྷག་ལེགས་སྒྱུར་བྱས་ལ། ཞན་འགྱུར་རྩྭ་ས་སྤྱི་ཆིང་སྟོང་ལྔ་ལྷག་གསབ་འདེབས་བྱས་པས། ཁུལ་ཡོངས་ཀྱི་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁེབས་ཚད་དེ་བརྒྱ་ཆའི་རེ་དགུ་ལྷག་ཏུ་ཇེ་མཐོར་སོང་ནས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། དེ་དང་མཉམ་དུ། སྤྱི་ཆིང་སྟོང་བརྒྱད་ཀྱི་གཟན་རྩྭ་འདེབས་ས་དང་སྤྱི་ཆིང་ཁྲི་ལྔ་དང་གྲངས་ཆུང་དྲུག་བདུན་གྱི་ནས་དང་གྲོ་སོགས་སོག་མའི་ཐོན་ཁུངས་བེད་སྤྱད་དེ། ཞིང་ཕྱུགས་ཕན་ཚུན་གསབ་རེས་དང་རྩྭ་ཕྱུགས་མཉམ་འགུལ་གྱི་རྩྭ་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གྲུབ་པར་བྱས།
རིན་ཆེན་མཚོས་བསྒྱུར།