ཟླ5པའི་ཚེས16ཉིན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་དམངས་དོན་ཁྲིམས་གཞུང་ཁྱབ་བསྒྲགས་བྱས་ནས་ལོ་ལྔ་འཁོར་བའི་ཞིབ་དཔྱོད་སྒོ་འབྱེད་ཉིན་མོའི་བྱ་འགུལ་སྤེལ་བ་དང་། དམངས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན། མི་དམངས་ལྟ་སྐུལ་པ། མཐོ་རིམ་སློབ་གྲྭའི་ཁྲིམས་རིག་པའི་ཆེད་ལས་ཀྱི་དགེ་སློབ་ཀྱི་འཐུས་ཚབ་པ། ཁྲིམས་རིག་པའི་ཆེད་མཁས་པ། ཁྲིམས་གཅོད་པའི་འཐུས་ཚབ་དང་ཁེ་ལས་པ། སྨྱན་བྱད་ཀྱི་གསར་འགོད་པ་བཅས་གདན་ཞུ་བྱས་ནས་ཞིབ་དཔྱོད་ལས་ཁུངས་སུ་སོང་ནས། ཡུལ་དངོས་ནས་ཞིབ་དཔྱོད་བྱ་བར་མྱོང་ཚོར་བྱས།
ཁྱབ་བསྒྲགས་དུས་རིམ་དུ། ཞིང་ཆེན་ཞིབ་དཔྱོད་ཁང་གིས་དམངས་དོན་ཞིབ་དཔྱོད་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་ནས། དམངས་དོན་ཁྲིམས་གཞུང་གི་ཁྱབ་ཁོངས་མང་པོར་ཁེབས་པའི་དམངས་ཚིས་ལ་སྲུང་སྐྱོབ་བྱེད་པའི་དམངས་དོན་ཞིབ་དཔྱོད་ལྟ་སྐུལ་གྱི་དཔེ་མཚོན་དཔེ་གཞི་ངོ་སྤྲོད་བྱས་པ་དང་། དམངས་དོན་ཁྲིམས་གཞུང་གི་ཁྲིམས་འཛུགས་དགོངས་དོན་དང་ཞིབ་དཔྱོད་ཁག་ཁུར་འགྲེལ་བཤད་གསལ་བོ་བྱས། དམངས་དོན་ཁྲིམས་གཞུང་དངོས་སུ་འགྲེམ་བསྒྲགས་བྱས་པའི་ཚུན་དུ། རང་ཞིང་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་དམངས་དོན་ཁྲིམས་གཞུང་གི་དགོངས་དོན་གྱི་གོ་དོན་དང་གཞི་རྩའི་གཞུང་ལུགས། འབྲེལ་ཡོད་སྒྲིག་སྲོལ་བཅས་དམངས་དོན་ཞིབ་དཔྱོད་ལྟ་ཞིབ་ཀྱི་བརྒྱུད་རིམ་ཧྲིལ་བོའི་ཁྲོད་འདྲེས་པར་བྱས་པ་དང་། དམངས་དོན་གཏུག་ཟློག་དང་ཞིབ་དཔྱོད་གྲོས་གཞི། ཞུ་གཏུག་ལ་རྒྱབ་སྐྱོར་བྱེད་པ། ཞིབ་དཔྱོད་ཉན་སྒྲུབ་སོགས་ཀྱི་ལྟ་སྐུལ་བྱེད་ཐབས་བཀོལ་སྤྱོད་བྱེད་པ་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་འགན་སྲུང་བྱེད་པའི་ནུས་པ་དང་ཆུ་ཚད་སྔར་ལས་མཐོར་འདེགས་བཏང་། མཚོ་སྔོན་གྱི་དམངས་དོན་ཞིབ་དཔྱོད་སྡེ་ཁག་གིས་མང་ཚོགས་ཀྱིས་དོ་ཁུར་བྱེད་པ་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནད་དོན་གསར་བ་གཙིགས་འཛིན་བྱས་ནས། ཆེད་དོན་བྱ་འགུལ་རབ་དང་རིམ་པ་སྤེལ་བ་དང་། བསྡོམས་པས་རིགས་མི་འདྲ་བའི་དམངས་དོན་ཞིབ་དཔྱོད་ལྟ་སྐུལ་གྱོད་གཞི་ཁྲི་གཅིག་དང་སྟོང་གསུམ་ལྷག་བསྒྲུབས་པ་དང་། གྱོད་གཞི་བདག་སྤྲོད་གྲངས་ཀ་དང་ལྟ་སྐུལ་བསམ་འཆར་བསྡུ་ལེན་བྱས་པའི་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་།
རིན་ཆེན་མཚོས་བསྒྱུར།