མཚོ་སྔོན་གྱིས་ལོ་གསུམ་འགུལ་སྐྱོད་ཀྱི་ཇུས་གཞི་བཏོན་ནས་ཚན་རྩལ་སྒོ་འབྱེད་མཉམ་ལས་ལ་ཤུགས་སྣོན་རྒྱུ་རེད།
2025.05.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས16ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱི་ཚན་རྩལ་སྒོ་འབྱེད་མཉམ་ལས་ལ་ཤུགས་བསྣན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་འཕེལ་རྒྱས་གཏོང་བའི་ལོ་གསུམ་འགུལ་སྐྱོད་ཇུས་གཞིའི་གཏན་འབེབས་བཏོན་ནས། མཚོ་སྔོན་གྱི་ཐོན་ཁུངས་ནུས་ཁུངས་ཁྱབ་ཁོངས་ཀྱི་ཚན་རྩལ་གལ་ཆེན་གྱི་དགོས་མཁོར་གཙིགས་འཛིན་བྱས་པ་དང་། རིགས་མི་འདྲ་བའི་ཚན་རྩལ་གསར་གཏོད་ཀྱི་ཐོན་ཁུངས་སྣ་ཚོགས་ཀྱི་མཉམ་ལས་མཉམ་འགུལ་ལ་ཤུགས་བསྣན་ནས། མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱེད་པའི་ཐད་ཤུགས་དང་ལྡན་པའི་ཚན་རྩལ་འདེགས་སྐྱོར་འདོན་སྤྲོད་བྱས།

ཇུས་གཞིའི་ནང་། 2027ལོའི་ལོ་མཇུག་ལ་ཐོན་དུས། ཆུ་ཚད་མཐོ་བའི་གསར་གཏོད་དཔུང་སྡེ་སུམ་ཅུའི་ཡན་ནང་འདྲེན་བྱེད་པ་དང་། མཉམ་འབྲེལ་སྒོས་རྒྱལ་ཁབ་རིམ་པའི་གསར་གཏོད་སྟེགས་བུ་བཅུ་སྐྱེད་སྲིང་བྱེད་པ། མཉམ་འབྲེལ་སྒོས་གནད་འགག་ལག་རྩལ་གལ་ཆེན་བཅུའི་ཡན་འགག་སྒྲོལ་བྱེད་པ། སྔོན་ཐོན་སྤྱོད་བདེ་ཡི་ལག་རྩལ་བརྒྱ་ནང་འདྲེན་བྱེད་པ། ལག་རྩལ་ཉོ་ཚོང་དངུལ་གྲངས་སྒོར་ཐེར་ཆེན་གཅིག་བསྡུ་ལེན་བྱེད་པ། ཞིང་ཆེན་རིམ་པའི་ཚན་རྩལ་འཆར་གཞིའི་ལས་གཞི་བརྒྱ་ཆའི་བདུན་ཅུའི་ཡན་གྱིས་ཞིང་ཆེན་གཞན་དང་མཉམ་ལས་བྱེད་པ། ཚན་རྩལ་སྒོ་འབྱེད་མཉམ་ལས་ཀྱི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་སྣེ་ཁྲིད་དང་ཀྲུང་དབྱང་དང་ས་གནས་ཀྱི་ཐོན་ཁུངས་མཉམ་ལས། ཤར་ནུབ་སྟོབས་ཤུགས་བརྗེ་རེས་བྱེད་པའི་གསར་གཏོད་འཕེལ་རྒྱས་ཀྱི་མ་དཔེ་གསར་བ་གྲུབ་པར་བྱེད་རྒྱུ་གཏན་ཁེལ་གསལ་བོ་བྱས།

ཇུས་གཞིའི་ནང་། ཐོན་ལས་ལག་རྩལ་གྱི་ཞིབ་སྤེལ་མཉམ་ལས་ལ་ཤུགས་སྣོན་པ་དང་། ཁེ་ལས་ཀྱིས་དྲི་བ་འདོན་པའི་གསར་གཏོད་དགོས་མཁོ་གྲུབ་པའི་རྐྱེན་སྲོལ་ཇེ་དྲག་ཏུ་གཏོང་བ། ཐོན་ལས་ལག་རྩལ་གྱི་དགོས་མཁོ་ཚགས་དམ་སྟབས་བདེ་རུ་གཏོང་བ། ལག་རྩལ་མཉམ་ལས་ཀྱི་འདོད་བློ་ཁྱབ་བསྒྲགས་གནད་ཕིགས་བྱེད་པ། ལེགས་འདེམ་མངགས་བཅོལ་དང་འགྲན་རྩོད་ལམ་ལུགས། རྗེས་གསབ་སོགས་ཀྱི་བྱེད་ཐབས་བཀོལ་སྤྱོད་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་གནད་འགག་ལག་རྩལ་ཞིབ་སྤེལ་མཉམ་ལས་ལ་ཤུགས་བསྣན་ནས། གསར་གཏོད་སྟེགས་བུའི་མཉམ་འབྲེལ་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཕྲེང་འབྲེལ་གྱི་མཉམ་ལས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས་ཞེས་གསལ་བོར་བཏོན་ཡོད།

ཚན་རྩལ་གྱི་གྲུབ་འབྲས་བསྒྱུར་བའི་མཉམ་ལས་ལ་ཤུགས་སྣོན་དགོས། ལག་རྩལ་ཉོ་ཚོང་གི་ཚོང་ར་འཐུས་ཚང་དུ་གཏོང་བ་དང་། ཆ་འཕྲིན་ཁྱབ་བསྒྲགས་དང་གྲུབ་འབྲས་འགྲེམ་སྟོན། ཐོན་ཁུངས་སྦྲེལ་མཐུད། ལག་རྩལ་ཉོ་ཚོང་སོགས་ཀྱི་རྩོལ་ནུས་འདུ་བའི་དྲ་ཐོག་ཞབས་ཞུ་སྟེགས་བུ་འཛུགས་དགོས། གྲུབ་འབྲས་བསྒྱུར་བའི་ཞབས་ཞུ་སྟེགས་སུ་མཉམ་སྐྲུན་བྱེད་པ་དང་། ཤར་རྩལ་ནུབ་བཀོལ་གྱི་གྲུབ་འབྲས་བསྒྱུར་བའི་མ་དཔེ་དང་ནུབ་རྩལ་ཤར་སྐྱེད་ཀྱི་ལག་རྩལ་རོགས་སྐྱོར་མ་དཔེ་གསར་སྐྲུན་བྱེད་དགོས། རྒྱལ་ཁབ་ལག་རྩལ་སྤོ་བསྒྱུར་གྱི་ནུབ་བྱང་ལྟེ་གནས་མཚོ་སྔོན་ཡན་ལག་ལྟེ་གནས་འཛུགས་པ་དང་། ཧྲང་ཧེ་དང་མཚོ་སྔོན་གྱི་ལག་རྩལ་སྤོ་བསྒྱུར་རྟེན་གཞི་སོགས་ཚན་རྩལ་གྲུབ་འབྲས་བསྒྱུར་བའི་ཞབས་ཞུ་ལས་ཁུངས་དང་འདྲེན་བྱེད་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། གྲུབ་འབྲས་བསྒྱུར་བའི་ཐབས་ལམ་གེགས་མེད་ཡོང་བར་བྱེད་དགོས།

གསར་གཏོད་གཙོ་གཞི་སྐྱེད་སྲིང་མཉམ་ལས་བྱེད་པར་ཤུགས་སྣོན་པ་དང་། ཁེ་ལས་མཐོ་གསར་ལག་རྩལ་དུ་ཚུལ་སྒྱུར་བྱེད་པར་རྒྱབ་སྐྱོར་བྱེད་པ། གསར་གཏོད་མཉམ་འབྲེལ་ཚོགས་པ་འཛུགས་པ། ཐོན་ལས་ཀྱི་རྒྱུན་བསྲིང་ཕྲེང་འབྲེལ་དང་མཐོར་འདེགས་ཕྲེང་འབྲེལ། འཛུགས་སྐྲུན་ཕྲེང་འབྲེལ་གྱི་ཚོང་འགུག་ཆུ་ཚད་མཐོར་འདེགས་བཏང་ནས། མཉམ་འབྲེལ་སྒོས་ཚན་རྩལ་ཁེ་ལས་སྐྱེད་སྲིང་བྱེད་དགོས། མཐོ་རིམ་སློབ་གྲྭའི་རྩ་འཛུགས་ཡོད་པའི་ཚན་རིག་ཞིབ་འཇུག་གི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ནུས་ལྡན་ཞིབ་སྤེལ་གྱི་མཁོ་འདོན་ལ་སྐུལ་འདེད་གཏོང་བ། མཉམ་འབྲེལ་སྒོས་རིགས་གསར་ཞིབ་སྤེལ་ལས་ཁུངས་མཉམ་སྐྲུན་བྱེད་དགོས།

འཇོན་མིའི་རིག་ནུས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། འཐབ་ཇུས་ཚན་རྩལ་གྱི་འཇོན་མི་ནང་འདྲེན་བྱེད་པ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཚན་རྩལ་བློ་འདྲི་པའི་ནུས་པུ་འདོན་སྤེལ་བཟང་བོ་བྱེད་པ། ལག་རྩལ་གལ་ཆེན་གྱི་འགག་སྒྲོལ་ཐད་རྒྱབ་སྐྱོར་བྱས་ནས། ཁུལ་ཁོངས་བརྒལ་བའི་འཇོན་མིའི་འཁོར་རྒྱུག་ལ་སྐུལ་འདེད་གཏོང་དགོས།

ཚན་རྩལ་དང་དངུལ་རྩའི་ཞབས་ཞུའི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཚན་རྩལ་རིགས་ཀྱི་ཁེ་ལས་ཆུང་འབྲིང་གི་དངུལ་བསྲེས་དགོས་མཁོའི་རྒྱུན་རྣམ་ཅན་གྱི་སྦྲེལ་མཐུད་རྐྱེན་སྲོལ་དང་ཐོན་ཁུངས་མཉམ་སྤྱོད་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཚན་རྩལ་རིགས་ཀྱི་ཁེ་ལས་ཆུང་འབྲིང་གི་ཁྲོམ་འགྲེམ་དངུལ་བསྡུ་ལ་སྐུལ་མ་གཏོང་དགོས་ཞེས་བསྟན་ཡོད།

རིན་ཆེན་མཚོས་བསྒྱུར།