རྩིས་ནུས་མཉམ་འབྲེལ་དྲ་བའི་ཚོད་ལྟའི་དྲ་བ་དངོས་སུ་འཛུགས་མགོ་བརྩམས།
2025.05.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཚེས17ཉིན། 2025ལོའི་འཛམ་གླིང་གློག་འཕྲིན་དང་ཆ་འཕྲིན་སྤྱི་ཚོགས་ཉིན་མོ་རྗེས་དྲན་བྱ་འགུལ་དང་རྒྱལ་སྤྱིའི་གློག་འཕྲིན་མནའ་འབྲེལ་གྱི་ལོ་འཁོར160བྱ་འགུལ་དེ་ཅང་ཞི་ནན་ཁྲང་དུ་སྤེལ། སྐབས་དེར། ཀྲུང་གོ་གློག་འཕྲིན་དང་། ཀྲུང་གོ་སྤོ་འགུལ། ཀྲུང་གོ་འབྲེལ་འཕྲིན་བཅས་ཀྱིས་ཀྲུང་གོ་ཆ་འཕྲིན་འཕྲིན་གཏོང་ཞིབ་འཇུག་གླིང་དང་མཉམ་འབྲེལ་སྒོས་རྩིས་ནུས་མཉམ་འབྲེལ་དྲ་བའི་ཚོད་ལྟའི་དྲ་བ་བཙུགས་པ་དངོས་སུ་འཛུགས་མགོ་བརྩམས།

ཀྲུང་གོ་ཆ་འཕྲིན་འཕྲིན་གཏོང་གླིང་གི་ཡོན་ཀྲང་གཞོན་པ་ཝང་ཀྲི་ཆིན་གྱིས་རྩིས་ནུས་མཉམ་འབྲེལ་དྲ་བ་ནི་རྒྱལ་ཁབ་ཀྱི་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་མ་ལག་མྱུར་དུ་གྲུབ་པ་དངོས་འབེབས་བྱེད་པའི་ལས་འགན་བླང་བྱ་གལ་ཆེན་ཞིག་ཡིན་པ་དང་། རང་རྒྱལ་གྱི་རྩིས་ནུས་ཐོན་ལས་སྤུས་འདེགས་ནུས་སྤེལ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་གསོ་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་བྱེ་བྲག་གི་ལག་ལེན་ཅིག་ཡིན་ཞེས་མཚམས་སྦྱོར་བྱས་ཤིང་། རྩིས་ནུས་མཉམ་འབྲེལ་དྲ་བའི་ཚོད་ལྟའི་དྲ་བ་བཙུགས་ནས་འཁོར་སྐྱོད་བྱས་པ་དེས། རྒྱལ་ཡོངས་རྩིས་ནུས་ཐོན་ཁུངས་ཀྱི་བཀོད་པ་རྒྱུན་མཐུད་ལེགས་སྒྱུར་བཏང་སྟེ། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལ་རོགས་རམ་ཐུབ་ཅིང་། གཞི་གྲངས་དཔལ་འབྱོར་དང་དངོས་གཞིའི་དཔལ་འབྱོར་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་བཏང་ནས། རང་རྒྱལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་སྣོན་ཐུབ་ཟེར།

རྒྱུས་ལོན་པར་ལྟར་ན། ཀྲུང་གོ་ཆ་འཕྲིན་འཕྲིན་གཏོང་གླིང་གིས་ཐོན་སློབ་ཞིབ་གསུམ་གྱི་ལས་ཁུངས30ལྷག་དང་མཉམ་འབྲེལ་བྱས་ཏེ། སྔོན་ལ་མཉམ་འབྲེལ་དང་རྗེས་སུ་དྲ་བ་འཛུགས་པ། དུས་མཉམ་དུ་ཁྲོམ་ར་འཛུགས་པའི་སྤྱིའི་བསམ་ཕྱོགས་ལྟར། ལག་རྩལ་ཚོད་ལྟ་དང་སྐྱེ་ཁམས་མཉམ་བསྐྲུན་གྱི་སྲོལ་ཤིང་བྱེད་ཐབས་ལ་བརྟེན་ནས། རྩིས་ནུས་མཉམ་འབྲེལ་དྲ་བའི་མ་ལག་ལ་སྒྲོམ་གཞི་ལྡན་པའི་ཞིབ་འཇུག་བྱས་ཤིང་། དུས་མཉམ་དུ་ཀྲུང་གོ་གློག་འཕྲིན་དང་། ཀྲུང་གོ་སྤོ་འགུལ། ཀྲུང་གོ་འབྲེལ་འཕྲིན་བཅས་དང་མཉམ་དུ་ཚོད་ལྟའི་དྲ་བ་བཙུགས་ནས་དངོས་སུ་སྤེལ་མགོ་བརྩམས་ལ། ཡོངས་ཁྱབ་རྩིས་རྒྱག་དང་རིག་ནུས་རྩིས་རྒྱག རིམ་འདས་རྩིས་རྒྱག་གམ། ཡང་ན་སྤྲིན་རྩིས་དང་རྩེ་རིམ་རྩིས་རྒྱག་སོགས་སྤྱི་བའི་རྩིས་ནུས་ཐོན་ཁུངས་ལ་ཁ་ཕྱོགས་ནས། འཁོར་སྐྱོད་ཚོང་གཉེར་གསུམ་གྱི་རང་སྟེང་གི་རྩིས་ནུས་དང་རྒྱལ་ཡོངས་ཡོངས་ཁྱབ་ཀྱི་སྤྱི་ཚོགས་རྩིས་ནུས་བྱ་བའི་མཉམ་འབྲེལ་ལས་དོན་སྤེལ་ཏེ། སྤྱོད་མཁན་གྱི་སྟབས་བདེ་རྣམ་པའི་རྩིས་ནུས་མངོན་འགྱུར་བྱ་རྒྱུ་རེད།

ཝང་ཀྲི་ཆིན་གྱིས་བཤད་རྒྱུར། མ་འོངས་པར་རྩིས་ནུས་མཉམ་འབྲེལ་དྲ་བའི་ཚོད་ལྟའི་དྲ་བ་དེ་གཙོ་གནད་ཁྱབ་ཁོངས་དང་ལས་རིགས་སུ་བཀོལ་སྤྱོད་བྱེད་པ་ཇེ་མགྱོགས་སུ་བཏང་སྟེ། མཉམ་འབྲེལ་དྲ་བའི་བྱེད་ནུས་ཤུགས་དྲག་ཏུ་གཏོང་བ་དང་། གནད་འགག་ལག་རྩལ་འགག་སྒྲོལ་བྱེད་པ། ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ། ལས་རིགས་སྤྱོད་ཁོངས་རྒྱ་བསྐྱེད་པ་དང་། དཔེ་སྟོན་བྱེད་ནུས་ལྡན་པར་བྱས་ནས། ལས་རིགས་ཡོངས་ཀྱིས་ཡོངས་ཁྱབ་ཏུ་བཀོལ་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།