ཉེ་ལམ། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་འགན་ནུས་ཚུལ་སྒྱུར་ལ་རྐང་འཛུགས་པ་དང་། ཁྲིམས་སྐྱོང་གི་བསམ་པར་བརྟེན་ནས་ཁྲིམས་བསྟར་ཁ་ཕྱོགས་ལ་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ཤིང་། ཞབས་ཞུའི་འདུ་ཤེས་བཅངས་ཏེ་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱས་པ་དང་། ཞབས་ཞུའི་རྣམ་པའི་ཁྲིམས་བསྟར་གསར་གཏོད་ཁྱབ་སྤེལ་བཏང་སྟེ། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་ཁྲིམས་བསྟར་གྱོད་སྒྲུབ་མ་ལག་ཁྲོད་གྱོད་དོན་ཕྱིར་འདྲིའི་བྱེད་ནུས་ཁ་སྣོན་བྱས་པ་དང་། ཁྲིམས་བསྟར་གདུམ་ཟུམ་དོ་དམ་དང་། ཁེ་ལས་རྗེས་འདེད་ཞབས་ཞུ། ཕན་འབྲས་སྣེ་མང་དཔྱད་འཇོག་བཅས་བརྒྱུད་དེ། ཁྲིམས་བསྟར་བྱ་བ་ལྟ་སྐུལ་དོ་དམ་གྱི་ཐག་གཅོད་རྣམ་པ་ནས་མཛུབ་སྟོན་ཞབས་ཞུའི་རྣམ་པར་ཚུལ་སྒྱུར་སྐུལ་འདེད་བཏང་།
རྒྱུས་ལོན་པ་ལྟར་ན། གྱོད་དོན་ཕྱིར་འདྲིའི་བྱེད་ཐབས་ཀྱིས་གྱོད་གཞིའི་དོ་བདག་ལ་ཕྱིར་བཅར་འདྲི་བྱས་པ་བརྒྱུད་དེ། ཁྲིམས་བསྟར་བརྒྱུད་རིམ་ཁྲོད་ཀྱི་ཚད་ལྡན་རང་བཞིན་དང་དྲང་གཞག་རང་བཞིན། ཁྲིམས་བསྟར་ཕན་འབྲས་བཅས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་པ་དང་། དུས་ལྟར་ཁྲིམས་བསྟར་བརྒྱུད་རིམ་ཁྲོད་གནས་པའི་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱས་ནས། ཁྲིམས་བསྟར་གྱི་སྤྱི་བའི་ཡིད་རྟོན་ཚད་དང་མང་ཚོགས་ཀྱི་ཡིད་ཚིམ་ཚད་སྔར་ལས་ཇེ་མཐོར་གཏོང་བ་ནང་དོན་གཙོ་བོར་བཟུང་ཡོད། ཁྲིམས་བསྟར་ལས་རིམ་ཚད་ལྡན་ཡིན་མིན་དང་། ཁྲིམས་བསྟར་མི་སྣས་དཔལ་ཡོན་ཁྲིམས་བསྟར་བྱེད་མིན། འགན་དབང་གང་འདོད་སྤྱོད་པའམ་ཡང་ན་སྤྱོད་ཚུལ་མི་ལེགས་པའི་གནད་དོན་གནས་མིན་ལ་འདྲི་རྟོགས་ཞིབ་མོ་བྱེད་པ་དམིགས་སུ་བཟུང་སྟེ། ཁྲིམས་བསྟར་བྱ་སྤྱོད་ཀྱི་ཁྲིམས་མཐུན་རང་བཞིན་དང་ཚད་ལྡན་རང་བཞིན་ལ་ཁག་ཐེག་བྱས དོ་བདག་གི་ཁྲིམས་བསྟར་མཇུག་འབྲས་ལ་ཡིད་ཚིམ་མིན་དང་ཁྲིམས་བསྟར་བྱ་སྤྱོད་ཀྱིས་ཁེ་ལས་ཐོན་སྐྱེད་བདག་གཉེར་དང་། ཚོང་རའི་སྒྲིག་རིམ་སོགས་ཕྱོགས་ཀྱི་ཤུགས་རྐྱེན་རྒྱུས་ལོན་བྱས་ཏེ། དུས་ལྟར་ཕྱིར་ལན་སྤྲོད་པ་དང་ཁྲིམས་བསྟར་བྱ་བ་མུ་མཐུད་ལེགས་བཅོས་གཏོང་བར་སྐུལ་འདེད་བཏང་། དག་ཐེར་གྱོད་གཞི་གཙོར་བཟུང་ནས་རྗེས་འདེད་བྱེད་པ་དང་། དོ་བདག་གིས་དག་ཐེར་འགན་འཁྲི་དངོས་སུ་ལག་བསྟར་བྱེད་པར་ལྟ་སྐུལ་བྱས་ཏེ་གནད་དོན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱས། ཕྱིར་འདྲིའི་ལས་དོན་དེ་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་གཅིག་གྱུར་རྩ་འཛུགས་བྱས་ཏེ། ཁྲིམས་བསྟར་ལས་ཁུངས་སོ་སོས་བྱེ་བྲག་ལག་ལེན་དུ་བསྟར་བ་དང་། གློག་རྡུལ་རྒྱུགས་ཤོག་བརྟག་དཔྱད་དང་། ཁ་པར། ཡུལ་དངོས་བཅར་འདྲི་སོགས་བྱེད་ཐབས་སྣ་མང་བརྒྱུད་དེ་དོ་བདག་དང་མཐུན་སྦྱོར་བརྗེ་རེས་བྱས་པར་མ་ཟད། ཁྲིམས་བསྟར་གྱོད་སྒྲུབ་མ་ལག་ཁྲོད་ཀྱི་ཕྱིར་འདྲི་བྱེད་ཐབས་བེད་སྤྱད་དེ་ཆ་འཕྲིན་ཅན་དང་། ཚད་ལྡན་ཅན་གྱི་དོ་དམ་མངོན་འགྱུར་བྱས།
ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཐོག་མཐའ་བར་གསུམ་དུ་ཞབས་ཞུའི་འདུ་ཤེས་དེ་ཁྲིམས་བསྟར་གྱི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྔོན་འགོག་གཙོར་འཛིན་པ་དང་། གནད་དོན་ཕྲ་རགས་ལ་ཆད་པ་མི་གཅོད་པ་དང་། སྒྲིག་འགལ་ཚབས་ཆེན་ལ་ཆད་པ་ནན་མོ་གཅོད་པ། ཉེས་ཆད་དང་ཉེས་པ་དོ་མཉམ་པ། དོན་དག་རྗེས་སུ་ཕྱིར་འདྲི་བ་སོགས་ཀྱི་ཁྲིམས་བསྟར་རྣམ་པ་གྲུབ་པར་བྱས་ནས། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཞབས་ཞུའི་རྣམ་པའི་ཁྲིམས་བསྟར་ལག་ལེན་སྤེལ་བ་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། ཁྲིམས་བསྟར་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་དང་། ཁྲིམས་བསྟར་ཕན་ནུས་ཇེ་མཐོར་བཏང་ནས། ཁྲོམ་རའི་ཁོར་ཡུག་དང་ཚོར་གཉེར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཆེད་སྟོབས་ཤུགས་འབུལ་རྒྱུ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།