གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་རྒྱུས་ལོན་པ་ལྟར་ན། ལྟ་ཞིབ་མཇུག་འབྲས་ལས་མིག་སྔའི་བར་དུ་རྨ་ཆུ་ཡུལ་ཚོའི་མངའ་ཁོངས་སུ་ཁྲུང་ཁྲུང་སྐེ་ནག་གི་གནས་སྤོས་གྲངས་ཀ318ལ་བསླེབས་ཡོད།
ཟླ3པའི་ཚེས21ཉིན། རྨ་སྟོད་རྫོང་རྨ་ཆུ་ཡུལ་ཚོའི་སྐྱེ་ཁམས་བདག་སྐྱོང་པས་མཚོ་འཕང་མུས4000གི་བརླན་ས་རུ། ད་ལོའི་སྐོར་དང་པོའི་དཔྱིད་དུས་ཀྱི་ཁྲུང་ཁྲུང་སྐེ་ནག་གནས་སྤོའི་གྲངས་ཀ23ཡོད་པ་ལྟ་ཞིབ་ཚད་ལེན་བྱས། དེའི་རྗེས། ནམ་ཟླ་རིམ་བཞིན་ཇེ་དྲོ་རུ་གྱུར་པ་དང་བསྟུན་ནས། ཁྲུང་ཁྲུང་སྐེ་ནག་ཁྱུ་དང་ཁྱུ་བྱས་ཏེ་སྔ་རྗེས་སུ་རྨ་ཆུ་ཡུལ་ཚོའི་མངའ་ཁོངས་ཀྱི་བརླན་ས་དང་བཞུར་བརྒྱུད། མཚེའུ་འགྲམ་བཅས་སུ་འཚོ་སྡོད་བྱས་པ་དང་། ཟླ་ལྔ་པའི་ཟླ་དཀྱིལ་བར། སྐྱེ་ཁམས་བདག་སྐྱོང་པས་ཁྲུང་ཁྲུང་སྐེ་ནག་གི་གྲངས་ཀ318ལ་སླེབས་པ་ལྟ་ཞིབ་ཚད་ལེན་བྱས།
ཁྲུང་ཁྲུང་སྐེ་ནག་ནི་འཛམ་གླིང་སྟེང་མཐོ་སྒང་དུ་སྐྱེ་འཚར་བྱེད་པའི་ཁྲུང་ཁྲུང་གི་རིགས་གཅིག་པུ་ཡིན་ལ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན། ལོ་རེའི་དཔྱིད་དུས་སུ། ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་ཀྱིས་དགུན་བརྒལ་ས་ནས་དབྱར་དུས་ཀྱི་སྐྱེ་འཕེལ་བྱེད་སར་འཚོ་བ་རོལ་དུ་ཡོང་བ་དང་། དེའི་རྗེས་ཕྱོགས་བཞི་ཆུས་བསྐོར་བའི་རྩྭ་ཐང་དང་འདམ་རྩྭ་བདམས་ནས་ཁྲུང་ཁྲུང་གི་ཕྲུ་གུ་གསོ་སྐྱོང་བྱེད་ཀྱིན་ཡོད།
ཉེ་བའི་ལོ་འགའི་རིང་ལ། རྨ་སྟོད་རྫོང་རྨ་ཆུ་ཡུལ་ཚོའི་སྐྱེ་ཁམས་བདག་སྐྱོང་པའི་འབད་བརྩོན་འོག ས་གནས་ཀྱི་ཁྲུང་ཁྲུང་སྐེ་ནག་གི་སྒོ་ང་རུམ་ཚད་དང་ཐོག་གི་བརྒྱ་ཆའི་ཉི་ཤུ་ནས་ད་ལོའི་བརྒྱ་ཆའི་གོ་ལྔའི་ཡན་ལ་སླེབས་ཡོད་པ་དང་། གསོན་ཚད་ཀྱང་མངོན་གསལ་སྒོས་མཐོ་རུ་ཕྱིན་ཡོད། ན་ནིང་གི་སྟོན་དུས་སུ། རྨ་ཆུ་ཡུལ་ཚོ་རུ་ཁྲུང་ཁྲུང་སྐེ་ནག400ལྷག་གནས་སྤོ་བྱས་པའི་བརྗིད་ཉམས་མཐོང་ལ། རྨ་ཆུའི་མགོ་ཁུངས་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཁྲུང་ཁྲུང་སྐེ་ནག་དབྱར་དུས་སྐྱེ་འཕེལ་བྱེད་པའི་གནས་མཆོག་ཏུ་གྱུར་ཡོད།
རྨ་ཆུ་ཡུལ་ཚོའི་སྐྱེ་ཁམས་བདག་སྐྱོང་པས་མཚམས་སྦྱོར་བྱས་པ་ལྟར་ན། ཁྲུང་ཁྲུང་སྐེ་ནག་རྨ་ཆུའི་མགོ་ཁུངས་སུ་དབྱར་དུས་སྐྱེ་འཕེལ་གྱི་འཚོ་སྡོད་དུས་ཡུན་ཅུང་རིང་བ་དང་། སྤྱིར་བཏང་ཟླ་བརྒྱད་པ་ནས་ཟླ་དགུ་བའི་བར་དང་། ཟླ་གསུམ་པ་ནས་ཟླ་བཞི་བའི་བར། དཔྱིད་དུས་གནས་སྤོ་བྱས་པའི་ཁྲུང་ཁྲུང་སྐེ་ནག་མཐོ་སྒང་གི་བརླན་སར་སླེབས་རྗེས། མཐོ་སྒང་གི་ནམ་ཟླའི་འགྱུར་ལྡོག་དང་བསྟུན་ནས། འོས་འཚམས་ཀྱི་འཚོ་སྡོད་བྱེད་ས་འདེམས་པ་དང་། དེ་ནས་བརླན་ས་རུ་སྒོ་ང་གཏོང་བ་དང་སྒོ་ང་རུམ་བཞིན་ཡོད། དེ་ནས་དབྱར་དུས་ཕྲུ་གུ་སྐྱེ་འཕེལ་བྱས་རྗེས། ཁྲུང་ཁྲུང་སྐེ་ནག་གིས་དུས་ཚོད་དམ་འཛིན་བྱས་ཏེ་ཕྲུ་གུར་ཟས་འཚོལ་བ་དང་འཕུར་རྩལ་སོགས་གཞི་རྩའི་འཚོ་བའི་རྩལ་ནུས་ཁྲིད་བཞིན་ཡོད། ཟླ་བཅུ་པའི་ཟླ་མཇུག་ནས་ཟླ་བཅུ་གཅིག་པར། ནམ་ཟླ་ཇེ་འཁྱག་ཏུ་གྱུར་རྗེས་ལྷོ་ཕྱོགས་སུ་དགུན་བརྒལ་དུ་འགྲོ་བཞིན་ཡོད།
ཤ་བོ་རིན་མཚོས་བསྒྱུར།