ཟླ5པའི་ཚེས16ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་དཔེ་སྐྲུན་སྨྱན་བྱད་སྡེ་ཚོགས་ཚད་ཡོད་ཀུང་ཟིས། མཚོ་སྔོན་ཉིང་རྡུལ་མཁར་དྲན་གསོའི་ཁང་དུ། འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་འགོད་པའི་མཛད་སྒོ་དང“དམར་པོའི་སློབ་གསོའི་རྟེན་གཞི”ཡི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས།
གྲོས་མཐུན་འགོད་པའི་མཛད་སྒོའི་སྟེང་དུ། མཚོ་སྔོན་ཞིང་ཆེན་ཞིན་ཧྭ་འགྲེམས་སྤེལ་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་ཚད་ཡོད་འགན་འཁྲི་ཀུང་ཟིས་མཚོ་བྱང་ཁུལ་ལ་རིན་ཐང་སྒོར་འབུམ་གཅིག་གི “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་བརྗོད་དོན་ཡིན་པའི་དཔེ་དེབ་ཞལ་འདེབས་ཕུལ། ད་ཐེངས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད་པ་དེ་ནི། ཕྱོགས་གཉི་གས་ཕུགས་ལ་དམ་པོར་དམིགས་ནས་མཉམ་དུ་འཕེལ་རྒྱས་འཚོལ་ཞིབ་བྱེད་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད། མཚོ་སྔོན་དཔེ་སྐྲུན་སྨྱན་བྱད་སྡེ་ཚོགས་ཚད་ཡོད་ཀུང་ཟིས་ད་ཐེངས་ཀྱི་གན་རྒྱ་འཇོག་པའི་བྱེད་སྒོ་འདི་གོ་སྐབས་སུ་བརྩིས་ནས། རྒྱལ་ཁབ་ལ་དབང་བའི་རིག་གནས་ཁེ་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཡུན་རིང་བརྟན་བརླིང་དང་མཐུན་སྦྱོར་ཕན་མཐོ་ཡི་མཉམ་ལས་ལམ་སྲོལ་འཚོལ་ཞིབ་འཛུགས་རྒྱུ་དང་། ཁྱབ་ཁོངས་མང་པོ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་ཟབ་སྤེལ་ལ་སྐུལ་འདེད་གང་ལེགས་གཏོང་བ། ལྷག་པར་དུ་དཔེ་དེབ་དཔེ་སྐྲུན་འགྲེམས་སྤེལ་དང་དམར་པོའི་སློབ་གསོ་ཡི་ཞིབ་འཇུག་སློབ་སྦྱོང་། གློག་བརྙན་སྒྲིག་བཟོ། སྤྱི་ཕན་གློག་བརྙན་གྱི་དམངས་ཕན་ཞབས་ཞུ་སོགས་ཐད་ཀྱི་མཉམ་ལས་སྔར་ལས་རྒྱ་ཁྱབ་ཏུ་སྤེལ་ཏེ། མཚོ་བྱང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་བསྐྲུན་རྒྱུར་རོགས་རམ་བྱ་རྒྱུ་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།