མཚོ་སྔོན་གྱིས་གནམ་གཤིས་འགྱུར་ལྡོག་ལྟར་མདོ་ལ་རི་བོའི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱས།
2025.05.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས18ཉིན། གསར་འགོད་པས་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ནས་ཤེས་གསལ་ལྟར་ན། ཁྱབ་བསྒྲགས་བྱས་པའི《མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁོངས་གཏོགས་ཁུལ་གྱི་སྣོད་བཅུད་གནམ་གཤིས་སྤྱི་བསྒྲགས(2024ལོ)》ལས། ཞིང་ཆེན་གནམ་གཤིས་རྟག་དཔྱད་ཅུའུ་ཡིས་སྣོད་བཅུད་གནམ་གཤིས་ལྟ་ཞིབ་ཚད་ལེན་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། སྣོད་བཅུད་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་དཔྱད་འཇོག་ནུས་པ་ཆེ་རུ་གཏོང་བ། ཁུལ་ཁོངས་ཡོངས་ཀྱི་སྣོད་བཅུད་གནམ་གཤིས་ཞབས་ཞུའི་འགན་ལེན་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་ནས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁོངས་གཏོགས་ཁུལ་གྱི་སྣོད་བཅུད་གནམ་གཤིས་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་ཡོད། 

ཉེ་བའི་ལོ་འགའི་རིང་། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་ཁྱོན་ཡོངས་ལ་དམིགས་པ་དང་དགེ་མཚན་གསབ་རེས་བྱས་ཏེ། ཡུན་རིང་གི་འཐབ་ཇུས་མཉམ་ལས་འབྲེལ་བ་བཙུགས་པ་དང་། དངོས་ཡོད་རང་བཞིན་གྱི་མཉམ་ལས་སྤེལ་བ་མ་ཟད། དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། མ་འོངས་པར་ཁ་ཕྱོགས་ཏེ་ས་ངོས་ལྟ་ཞིབ་ཚད་ལེན་ས་ཚིགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་ཚིགས་ཀྱི་རང་འགུལ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། འགག་རྩའི་སྐྱེ་ཁམས་ཀྱི་རྒྱུ་རྐྱེན་གཙོ་བོར་ལྟ་ཞིབ་ཚད་ལེན་བྱེད་པའི་རྣམ་གྲངས་ཇེ་མང་དུ་གཏོང་བ། འཁྱགས་རོམ་དང་།  འཁྱག་ས། དར་ཆགས་སའི་ཁྱབ་ཁོངས་ཀྱི་རྒྱུ་རྐྱེན་གཙོ་བོར་དམིགས་པ། འཁྱགས་རོམ་ར་བའི་རྒྱུ་རྐྱེན་གཙོ་བོར་ལྟ་ཞིབ་ཚད་ལེན་ས་ཚིགས་འཛུགས་པ། རྩྭ་ཐང་གི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚིགས་འཛུགས་པ་བཅས་བྱས་ཏེ་རྩྭ་ཐང་གི་སྤང་ཤུན་སླར་གསོ་སོགས་ལ་ཡུན་རིང་ལྟ་ཞིབ་ཚད་ལེན་བྱེད་རྒྱུ་རེད།

སྐྱེ་ཁམས་གནམ་གཤིས་ཀྱི་ལྟ་ཞིབ་ཚད་ལེན་དཔྱད་འཇོག་གི་དམིགས་ཚད་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་ཉེན་མེད་ཀྱི་ཉེན་ཁའི་དཔྱད་འཇོག་ཉེན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་ཉེན་མེད་ཀྱི་ཉེན་ཟོན་ཉེན་བརྡ་གཏོང་བའི་དཔེ་དབྱིབས་འཛུགས་པ། དུས་ཐོག་ཏུ་ཉེན་ཟོན་ཉེན་བརྡ་གཏོང་བའི་ཆ་འཕྲིན་ཁྱབ་བསྒྲགས་བཅས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་དོ་དམ་བྱེད་པར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་འདོན་སྤྲོད་བྱེད་པ་དང་། སྐྱེ་ཁམས་དང་ནགས་ལས་སོགས་སྡེ་ཁག་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་བཅད་ལྟར་སྐྱེ་ཁམས་གནམ་གཤིས་ལྟ་ཞིབ་ཚད་ལེན་དང་དཔྱད་འཇོག་ཚོད་དཔག་ལ་གྲོས་མོལ་བྱས་ཏེ། སྐྱེ་ཁམས་ཉམས་གསོ་དང་སྲུང་སྐྱོང་བྱེད་ཐབས་གཏན་འབེབས་བྱེད་དགོས། འཁོར་སྐར་གྱི་རྒྱང་ཚོར་ལག་རྩལ་དང་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་གནམ་གཤིས་ཀྱི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དཔྱད་འཇོག་མ་ལག་བཙུགས་ཏེ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་གནམ་གཤིས་རྒྱུ་རྐྱེན་དུས་ལྟར་ཕྱོགས་ཡོངས་ནས་ལྟ་ཞིབ་ཚད་ལེན་དཔྱད་འཇོག་བྱེད་རྒྱུ་མངོན་གྱུར་བྱེད་དགོས་ལ།  སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱེད་པ་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཏེ་ཞབས་ཞུའི་མ་ལག་འཛུགས་པ་དང་།  སྐྱེ་ཁམས་ཀྱི་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱེད་པ་དང་ཨར་ལས་བྱེད་པའི་སྐབས་སུ་གནམ་གཤིས་གནས་ཚུལ་མཁོ་སྤྲོད་བྱེད་པ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་རོགས་རམ་བཅས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་འགན་སྲུང་བྱེད་དགོས། 

ཚེ་མགོན་རྒྱལ་གྱིས་བསྒྱུར།