མཚོ་སྔོན་དྲིལ་སྒྲོག་བྱེད་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱ་འགུལ་འགོ་བརྩམས།
2025.05.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5བའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་དྲིལ་སྒྲོག་བྱེད་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱ་འགུལ་འགོ་བརྩམས་ཤིང་།  རྒྱལ་ཡོངས་ཀྱི་སྨྱན་བྱད་ཆེ་གྲས་ཁག་གི་གསར་འགོད་པ་མཚོ་སྔོན་དུ་འཛོམས་ཏེ།  མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་བྱ་གཞག་དྲིལ་སྒྲོག་བྱེད་པའི་བྱ་བར་ནུས་ཤུགས་འདོན་རྒྱུ་རེད།

མཚོ་སྔོན་གྱི་རི་ཆུ་ནི་སའི་གོ་ལས་མིའི་རིགས་ལ་གནང་བའི་སྐྱེ་ཁམས་ལོ་རྒྱུས་ཀྱི་སྙན་རྩོམ་ཞིག་རེད། མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཕྱོགས་སྟོན་དུ་འཛིན་པ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱིས་སྣེ་ཁྲིད་ཏེ། སྐྱེ་ཁམས་ཡུལ་སྐོར་གྱི་རྣམ་པ་བསྐྲུན་ནས། མཚོ་སྔོན་པོའི་རླབས་སྔོན་དང་མདོ་ལ་རི་བོའི་ནགས་ཚལ་ཆེན་པོ།  ཚྭ་ཁའི་མཛེས་ལྗོངས་བཅས་རྒྱུན་མཐུད་ཀྱི་ཡུལ་སྐོར་རྒྱུ་ནོར་དུ་བསྒྱུར་ཡོད།

མཚོ་སྔོན་ནི་ཐང་བོད་གནའ་ལམ་དང་དར་གོས་ཚོང་ལམ་གྱི་འབྲེལ་མཚམས་ཡིན་པས། མི་རིགས་མང་པོས་གནས་འདི་རུ་མཐུན་སྒྲིལ་ཡར་ཐོན་གྱི་མཛེས་རིས་མཉམ་དུ་འབྲི་བཞིན་ཡོད།  མཚོ་སྔོན་ཞིང་ཆེན་གྱིས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་བསྐྲུན་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པ་རྒྱུན་འཁྱོངས་བྱས་ཏེ། རིག་གནས་ལྔ་གསོ་སྐྱོང་དང་དར་སྤེལ་བྱེད་པ། རིག་གནས་ལ་བརྟེན་ནས་ཡུལ་སྐོར་ལ་ནུས་པ་འདོན་པ་བཅས་བྱས་ཏེ། དངོས་མིན་རིག་གནས་ཤུལ་བཞག་མཛེས་ལྗོངས་ཁུལ་དུ་བསྐྱོད་དུ་བཅུག་ནས།  ལོ་རྒྱུས་ལ་གསོན་ཤུགས་རྒྱས་སུ་འཇུག་དགོས། དེ་དང་མཉམ་དུ་ཐོན་ལས་གྱི་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་ཆགས་པར་བྱ་དགོས།

བྱ་འགུལ་གྱི་ཉིན་མོར། ཀྲུང་གོའི་ཞོགས་པའི་ཚགས་པར་དང་ཞའོ་ཞང་ཞོགས་པའི་ཚགས་པར་སོགས་སྨྱན་བྱད་བརྒྱ་ཡི་གསར་འགོད་པ་མཚོ་སྔོན་གྱི་རྒྱ་ཆེ་བའི་ས་གཞི་ཆེན་པོར་བསྐྱོད་དེ། མཛེས་པའི་མཚོ་སྔོན་གྱི་མཛེས་སྡུག་ལྡན་པའི་རི་ཆུ་ལས་རང་བྱུང་གི་སྟོབས་ཤུགས་མྱོང་རོལ་བྱེད་པ་དང་། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཁྲོད་བསམ་པའི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གསར་གཏོད་ཁྲོད་དུས་རབས་ཀྱི་འཕར་འགུལ་ཉམས་ལེན་བྱས་ཏེ། དགེ་མཚན་ལྡན་པའི་སྒོ་ནས་བརྗོད་དོན་གཙོ་བོ་དར་སྤེལ་དང་དྲང་ནུས་ཁྱབ་སྤེལ་བྱ་རྒྱུ་རེད།

 གཡང་འབུམ་རྒྱལ་གྱིས་བསྒྱུར།