མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་དྲུག་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་པེ་ཅིང་དུ་བསྡུས།
2025.05.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ5པའི་ཚེས19ཉིན།  ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་འདུ་སྐབས་ཉེར་དྲུག་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་པེ་ཅིང་དུ་བསྡུས། ཐེངས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དེ་ཟླ6པའི་ཚེས25ཉིན་ནས་ཚེས29ཉིན་བར་ཟི་ལིང་དུ་བསྡུ་རྒྱུ་ཡིན་ལ། སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས་བརྗོད་གཞིར་བྱ་རྒྱུ་དང་། ཆུ་ཚད་སྔར་ལས་མཐོ་བ་དང་ཕན་འབྲས་སྔར་ལས་ཕུན་སུམ་ཚོགས་པ། སྔར་ལས་ཕུལ་དུ་བྱུང་བ་བཅས་ཚོང་གཏམ་གྲོས་ཚོགས་ཀྱི་དམིགས་འབེན་དུ་བྱས་ནས། སྟོབས་ཤུགས་གཅིག་སྡུད་སྒོས་རིམ་ནུས་སྔར་ལས་མཐོ་བའི་གསར་གཏོད་མཉམ་ལས་ཀྱི་སྟེགས་བུ་བསྐྲུན་རྒྱུ་རེད།

ཐེངས་འདིའི་ཚོང་གཏམ་གྲོས་ཚོགས་སུ་གཙོ་མགྲོན་རྒྱལ་ཁབ་མོ་ཞི་ཁོ་གདན་ཞུ་བྱས་ནས་དཔལ་འབྱོར་ཉོ་ཚོང་མཉམ་ལས་བརྗེ་རེས་ཚོགས་འདུ་བསྡུ་བ་དང་། གཙོ་མགྲོན་རྒྱལ་ཁབ་ཀྱི་མཐོ་རིམ་དཔོན་པོ་དང་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི། འཛམ་གླིང་གི་ཁེ་ལས་སྟོབས་ལྡན་ལྔ་བརྒྱ་བཅས་གདན་ཞུ་བྱས་ནས་འགྲེམ་སྟོན་ལ་ཞུགས་པ་དང་གྲོས་ཆོད་ལ་མིང་རྟགས་བཀོད་དེ། ཕྱི་དངུལ་ལས་གཞི་དོན་ཐོག་ཏུ་འཁྱོལ་བར་བྱེད་རྒྱུ་རེད། འོས་སྦྱོར་དང་གྲོས་མོལ། མིང་རྟགས་འགོད་པ་བཅས་བརྒྱུད་རིམ་ཧྲིལ་བོའི་སྦྲེལ་མཐུད་ཁྲིད་ཕྱོགས་སུ་བྱས་ནས། མུ་འབྲེལ་བྱ་འགུལ་རབ་དང་རིམ་པ་སྤེལ་བ་སྟེ།  དེའི་ཁྲོད་དུ་ཀྲུང་གོའི་མཚོ་སྔོན་དང་མགྲོན་བདག་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་བརྗེ་རེས་ཚོགས་འདུ། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་དངུལ་གཏོང་གསལ་བཤད་ཚོགས་འདུ་དང་མཉམ་ལས་ལས་གཞི་གལ་ཆེན་གྱི་མིང་རྟགས་འགོད་པའི་མཛད་སྒོ་སོགས་གཙོ་གནད་བྱ་འགུལ་བརྒྱད་དང་། ཆེད་དོན་བྱ་འགུལ་དྲུག སྡེབ་སྒྲིག་བྱ་འགུལ་གསུམ་བཅས་འདུས་ཡོད།

ད་ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱིས་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་ཁྲོམ་རའི་འཁོར་རྒྱུག་གི་རྣམ་པ་སྤྱད་དེ། གསར་དུ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བའི་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་བེད་སྤྱོད་བྱེད་པ་དང་། འགྲེམ་སྟོན་ཁང་ཆེན་མོ་གསུམ་གྱི་འགྲེམ་སྟོན་བར་སྟོང་སྨི་གྲུ་བཞི་མ་ཁྲི་དྲུག་བཀོད་སྒྲིག་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི། ལྗང་མདོག་རྩིས་ནུས་སོགས་བརྗོད་དོན་གཙོ་བོའི་འགྲེམ་སྟོན་ཁུལ་ཆེན་མོ་དྲུག་བསྐྲུན་རྒྱུ་རེད། མགྲོན་བདག་རྒྱལ་ཁབ་མོ་ཞི་ཁོ་དང་མགྲོན་བདག་གྲོང་ཁྱེར་པེ་ཅིང་གྲོང་ཁྱེར་གྱི་ཁྱད་ལྡན་འགྲེམ་ཁུལ་གཉིས་དང་འགྲེམ་ཁུལ་གཞན་པ་སུམ་ཅུ་མཉམ་འགུལ་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་ལག་རྩལ་ཐོན་ཁུངས་སྦྲེལ་མཐུན་དང་ཐོན་ལས་གོང་འོག་སྦྲེལ་མཐུད། ཐོན་ལས་ཀྱི་དགེ་མཚན་གསབ་རེས་བྱེད་པ། ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་སྟེགས་བུ་བཅས་བསྐྲུན་པ་དང་། འགྲེམ་སྟོན་ཆེད་ལས་ཅན་དང་ཁྲོམ་ར་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་སྤུས་ནུས་མཐོར་འདེགས་གཏོང་རྒྱུ་རེད། ཕྱི་ཕྱོགས་ཉོ་ཚོང་གི་སྤུས་ལེགས་ཐོན་རྫས་ཀྲུང་གོར་བསྐྱོད་པའི་མཚོ་སྔོན་ས་ཚིགས་ཀྱི་ཚོང་ལས་བརྗོད་དོན་འགྲེམ་ཁུལ་དང་བོད་གདན་རིག་གནས་ཁྱད་ལྡན་འགྲེམ་ཁུལ་འཛུགས་པ་དང་། འགྲེམ་སྟོན་ཉོ་ཚོང་མཉམ་འགུལ་བྱས་ཏེ། ལྗང་མདོག་ཐོན་ལས་ལས་གཞི་མགྱོགས་མྱུར་ངང་དོན་འཁྱོལ་བྱེད་པ་དང་། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་བ་སྣོན་རྒྱུ་རེད།

ལྷ་མོ་འཚོས་བསྒྱུར།