སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དབང་བོ་སྐྱོན་ཅན་རོགས་རམ་ཉིན་མོ་ཐེངས་སོ་ལྔ་པ་སླེབས་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་བརྩོན་རང་སྤེལ་དང་དབང་བོ་སྐྱོན་ཅན་དང་ཉམ་ཆུང་ལ་རོགས་རམ་བྱེད་པའི་སྲོལ་རྒྱུན་ཀུན་སྤྱོད་སྔར་ལས་ལྷག་པར་དར་སྤེལ་གཏོང་ཆེད། ཟླ5ཚེས19ཉིན། རང་ཞིང་གིས་རྒྱལ་ཡོངས་རང་བརྩོན་དཔེ་ལེགས་དང་དབང་བོ་སྐྱོན་ཅན་རོགས་རམ་གྱི་སྔོན་ཐོན་གཟེངས་བསྟོད་ཚོགས་ཆེན་ཐེངས་བདུན་པའི་བྱས་རྗེས་བྱས་རྗེས་སྙན་ཞུ་ཐོག་མ་དེ་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་སྤེལ།
མཚོ་སྔོན་ཞིང་ཆེན་མིན་ཧི་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆེད་བསྐོས་ཨུ་ཡོན་ཀྲའོ་གོ་ཚུན་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁྲིན་ཧའོ། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་ལས་ཞུགས་ཞབས་ཞུའི་མཛུབ་སྟོན་ལྟེ་གནས་ཀྱི་རིམ་པ་དགུ་པའི་ལས་སྒྲུབ་པ་ཧན་ཀྲོ་ཨིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དབང་བོ་སྐྱོན་ཅན་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་འགན་ཁུར་མི་སྣ་ཝུའུ་ཞན་དང་། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་ནད་གསོ་ཞབས་ཞུ་ལྟེ་གནས་ཀྱི་ནད་གསོ་དགེ་རྒན་ཡན་ཧྭ་ཞིན་སོགས་རྒྱལ་ཡོངས་ཀྱི་རང་བརྩོན་དཔེ་ལེགས་ཅན་དང་། རྒྱལ་ཡོངས་དབང་བོ་སྐྱོན་ཅན་ལས་དོན་གྱི་སྔོན་ཐོན་ཐུན་མོང་གི་འགན་ཁུར་པ། སྔོན་ཐོན་མི་སྒེར་བཅས་ཀྱི་འཐུས་མི་བཅས་ཀྱིས་བབ་ཆགས་པའི་སྐད་ཆ་དང་རྣམ་དག་གི་བརྩེ་བ་ལ་བརྟེན་ནས། སོ་སོས་ཁྱབ་ཁོངས་མི་འདྲ་བར་འབད་འབུངས་ཡར་བརྩོན་དང་། སྒེར་སེམས་མེད་པར་བྱས་རྗེས་བཞག་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བཤད། ཁོ་ཚོའི་ཁྲོད་དུ་ལ་ལས་ལུས་རྩལ་འགྲན་སྡུར་སྟེང་རྒྱལ་ཁབ་ལ་ལ་རྒྱ་བརྩོན་ལེན་བྱས་པ་དང་། ཁ་ཤས་ཀྱིས་སློབ་ཁྲིད་ཚན་ཞིབ་ཁྲོད་རང་ཉིད་ལས་ཐོད་བརྒལ་བྱས་ཤིང་། འགའ་རེས་དབང་བོ་སྐྱོན་ཅན་ལས་ཞུགས་ཞབས་ཞུའི་ལས་གནས་སྟེང་འཁང་ར་མེད་པར་ལས་དོན་སྒྲུབ་བཞིན་ཡོད། མི་སེམས་འགུལ་བའི་སྔོན་ཐོན་གྱི་མཛད་རྗེས་དག་ལས། དབང་བོ་སྐྱོན་ཅན་གྱི་རང་བརྩོན་རང་སྤེལ་གྱི་བསམ་པའི་ཉམས་འགྱུར་མངོན་ཞིང་། སྤྱི་ཚོགས་ཀྱིས་དབང་བོ་སྐྱོན་ཅན་གྱི་མི་ཚོགས་ལ་གཅེས་སྐྱོང་དང་རྒྱབ་སྐྱོར་བྱེད་པ་མཚོན་ཡོད། སྙན་ཞུའི་ཚོགས་འདུའི་ཡུལ་དངོས་དགའ་སྤྲོས་ཁྱབ་ཅིང་། ཚོགས་ཞུགས་པ་རྣམས་ཀྱིས་སྔོན་ཐོན་དཔེ་མཚོན་གྱི་འཐུས་མི་མིག་དཔེར་བཟུང་སྟེ། ཁོ་ཚོའི་སྔོན་ཐོན་མཛད་རྗེས་ཁྲོད་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་། ཧུར་ཐག་སྒོས་དབང་བོ་སྐྱོན་ཅན་གྱི་ལས་དོན་ཁྲོད་ཞུགས་ཏེ། དབང་བོ་སྐྱོན་ཅན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེན་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
རྒྱུས་ལོན་པ་ལྟར་ན། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲོག་འགྲེལ་ཚོགས་པ་རྩ་འཛུགས་ཀྱིས་མཚོ་སྔོན་རང་བྱུང་ཚན་རིག་དང་བཟོ་སྐྲུན་སློབ་གླིང་སོགས་སུ་སྐོར་སྐྱོད་སྙན་ཞུའི་ཚོགས་འདུ་བསྡུས་ཏེ། རྒྱུན་མཐུད་ངང་སྤྱི་ཚོགས་ཡོངས་ཀྱིས་དབང་བོ་སྐྱོན་ཅན་ལ་རྒྱུས་ལོན་དང་། བརྩི་འཇོག སེམས་ཁུར་དང་རོགས་རམ་བྱེད་པའི་རྣམ་པ་ལེགས་པོ་ཞིག་བསྐྲུན་པ་དང་། མཐུན་སྒྲིལ་ཡར་བརྩོན་གྱི་མཉམ་ཤུགས་དྲག་པོ་སྔར་ལས་གཅིག་སྡུད་བྱས་ནས། དབང་བོ་སྐྱོན་ཅན་ལས་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།