ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་བྱ་བའི་ཚོགས་འདུ་བསྡུས།
2025.05.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ5པའི་ཚེས19ཉིན། ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་བྱ་བའི་ཚོགས་འདུ་དེ་བརྙན་རིས་ཀྱི་རྣམ་པས་ཟི་ལིང་དུ་བསྡུས། ཚོགས་འདུ་ལས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡིག་ཚགས་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། རྒྱལ་ཡོངས་ཡིག་ཚགས་ཅུའུ་ཀྲང་དང་འགོ་གཙོའི་ཚོགས་འདུའི་དགོངས་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམ་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། 2024ལོའི་ཡིག་ཚགས་བྱ་བ་ཕྱོགས་སྡོམ་བྱས་ནས། 2025ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས།

ཚོགས་འདུ་ལས་བསྟན་དོན། འདས་པའི་ལོ་ངོ་གཅིག་གི་རིང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཡིག་ཚགས་སྡེ་ཁག་དང་རྒྱ་ཆེའི་ཡིག་ཚགས་ལས་བྱེད་པས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། འབད་འཐབ་ཡར་བརྩོན། དངོས་སྒྲུབ་ཁག་ཁུར་བཅས་རྒྱུན་འཁྱོངས་བྱས་ཏེ། ཡིག་ཚགས་བྱ་བའི་སྤུས་འདེགས་ནུས་འཕར་ལ་སྐུལ་འདེད་བཏང་། ཚོགས་འདུ་ལས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རང་ཞིང་གི་ཡིག་ཚགས་བྱ་གཞག་འཕེལ་རྒྱས་ལ་འཕྲད་པའི་དཀའ་གནད་ཤེས་རྟོགས་ཟབ་མོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་བྱ་བའི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་མིན་པ་དང་། ལས་བྱེད་འཇོན་མིའི་རུ་ཁག་སྒྲིག་འཛུགས་རྗེས་ལུས་ཡིན་ལ་རྨང་གཞི་ཞན་པ་བཅས་ཀྱི་མངོན་གསལ་གནད་དོན་ཐག་གཅོད་བྱེད་དགོས།

ཚོགས་འདུ་ལས། 2025ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྒྲིལ་བའི་ལོ་ཡིན་ལ། ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ཡིག་ཚགས་བྱ་གཞག་འཕེལ་རྒྱས་ཀྱི་ཁ་ཕྱོགས་འཆར་འགོད་དང་དམིགས་འབེན་ལས་འགན་གཏན་འཁེལ་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་རེད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། རིམ་པ་སོ་སོའི་ཡིག་ཚགས་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡིག་ཚགས་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གོང་འོག་སྦྲེལ་མཐུད་བཟང་པོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་བྱ་གཞག་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཕྱོགས་སྡོམ་དཔྱད་འཇོག་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འཆར་འགོད་ཞིབ་འཇུག་ལེགས་པོ་བྱེད་དགོས། ཡིད་ཆེས་ཇེ་བརྟན་དང་དངོས་གཉེར་སྔོན་བརྩོན་བྱས་ཏེ། བཅོས་སྒྱུར་གྱི་བྱེད་ཐབས་གལ་ཆེན་ལ་དམ་པོར་དམིགས་པ་དང་། རྨང་གཞི་ཇེ་བརྟན་དང་སྤུས་ཀ་མཐོར་འདེགས་གཏོང་བ། ཆ་འཕྲིན་དང་ཚན་རྩལ་གྱི་འདེགས་སྐྱོར་ལ་ཤུགས་སྣོན་པ། ཡིག་ཚགས་ཀྱི་ནོར་སྲིད་ཞབས་ཞུའི་སྤུས་ནུས་ཇེ་མཐོར་གཏོང་བ་དང། ཡིག་ཚགས་བྱ་གཞག་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལེའུ་ཧུར་ཐག་གིས་འབྲི་བར་ཡིག་ཚགས་ཀྱི་སྟོབས་ཤུགས་འབུལ་དགོས་པའི་བླང་བྱ་བཏོན། 

ལྷ་མོ་འཚོས་བསྒྱུར།