2025ལོའི་མཚོ་སྔོན་ཞིང་ཆེན་གྱི་གསར་འགྱུར་ལས་རིགས་ཀྱིས“གསར་འགོད་པས་གཏམ་རྒྱུད་བཤད་ཅེས་པ”སློབ་གྲྭར་བསྐྱོད་པའི་བྱེད་སྒོ་ཐོག་མ་སྤེལ།
2025.05.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5བའི་ཚེས19ཉིན། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་ཞིང་ཆེན་གསར་འགྱུར་བྱ་བའི་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་ཉིས་སྟོང་ཉེར་ལྔ་ལོའི་མཚོ་སྔོན་ཞིང་ཆེན་གསར་འགྱུར་ལས་རིགས་ཀྱི་གསར་འགོད་པ་བཟང་བོས་གཏམ་རྒྱུད་བཤད་པ་སྟེ་སློབ་གྲྭར་བསྐྱོད་པའི་བྱ་འགུལ་མཚོ་སྔོན་དགེ་ཐོན་སློབ་གྲྭ་ནས་སྤེལ། ཐོག་མའི་བྱ་འགུལ་ལ་ཁྱོན་བསྡོམས་པས་སློབ་མ་སུམ་བརྒྱ་ལྷག་ཞུགས་ཡོད།

བྱ་འགུལ་གྱི་ཡུལ་དངོས་སུ། ཞིང་ཆེན་ཡོངས་ཀྱི་གསར་འགྱུར་ལས་རིགས་ནས་ཡོང་བའི་ཕུལ་བྱུང་གསར་འགོད་པ་དྲུག་གིས“གཏམ་རྒྱུད་བརྗོད་མཁན”གྱི་ཐོག་ནས་གསོན་ཉམས་དོད་པའི་སྐད་ཆ་དང་། གྱོད་དཔེ་སྤྱད་དེ་རྩ་ཆེའི་པར་རིས་དང་བརྙན། དཔྱད་ཡིག་སོགས་སྨྱན་སྦྱོར་གྱི་རྣམ་པའི་ཐོག་ནས་སྣོད་བཅུད་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ། སྤུས་ཚད་མཐོ་བའི་འཕེལ་རྒྱས། གྲོང་གསེབ་དར་སྤེལ་སོགས་ཁྱབ་ཁོངས་ཀྱི་མཚོ་སྔོན་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་བརྗོད་ཡོད། གཙང་གསུམ་མགོ་ཁུངས་ཀྱི་སྣོད་བཅུད་སྲུང་སྐྱོང་གི་ལས་ཡུལ་དང་པོར་བརྟན་སྲུང་བྱེད་པ་ནས་དམངས་ཕན་བཟོ་སྐྲུན་དོན་འཁྱོལ་བྱེད་པ་སོགས་དོན་དངོས་ཀྱི་གཏམ་རྒྱུད་རེ་རེ་ལས་མཚོ་སྔོན་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་དང་སྒུལ་ཤུགས་གསར་པ་མངོན་པར་མ་ཟད། གསར་འགྱུར་ལས་བྱེད་པའི་འོས་འགན་དང་འགན་འཁྲི་གསོན་ཉམས་དོད་པའི་ངང་ནས་འབྲེལ་བཤད་གསལ་བོ་བྱས། 

སློབ་ཆེན་སློབ་མ་དག་གིས“གཞི་རིམ་གྱི་གཏམ་རྒྱུད་འདི་དག་ལ་ཉན་རྗེས་དངོས་ནས་སེམས་འགུལ་ཐེབས་ཞིང་བློ་སྤོབས་སྐྱེད་སྲིད”ལ།  དེ་ལས་གཞན་ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་དང་གོ་བ་གཏིང་ཟབ་ལེན་ཐུབ་པར་མ་ཟད། དེའི་ཁྲོད་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་འོས། དུས་རབས་གསར་པའི་ན་གཞོན་ཞིག་ཡིན་པའི་ཆ་ནས། གཏམ་རྒྱུད་འདི་དག་གིས་སྐུལ་མ་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ལམ་བུའི་ཁྲོད་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་དགོས་ཟེར།

ཤེས་གསལ་ལྟར་ན།  སྐོར་སྐྱོད་འཆད་ཁྲིད་ཚོགས་པ་ཞིང་ཆེན་ནང་ཁུལ་གྱི་སློབ་ཆེན་གཞན་དག་ཏུ་གཅིག་རྗེས་གཉིས་མཐུད་ངང་བསྐྱོད་དེ“མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོ”བརྒྱུད་སྤེལ་བྱས་ཏེ་སློབ་མ་སྔར་ལས་མང་པོར་མཚོ་སྔོན་འཕེལ་རྒྱས་ཀྱི་རླབས་ཆེན་བྱ་གཞག་དང་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་ཚོར་དུ་འཇུག་རྒྱུ་རེད།

ཚེ་མགོན་རྒྱལ་གྱིས་བསྒྱུར།