ཟླ་ལྔ་པའི་ཚེས་བཅུ་དགུ་ཉིན། དམངས་ལ་ཕན་ཞིང་ཡུལ་སྐོར་དར་ཞེས་པའི་ལྔ་པའི་ཚེས་བཅུ་དགུ་ཉིན་གྱི་ཀྲུང་གོའི་ཡུལ་སྐོར་ཉིན་མོའི་བརྗོད་དོན་བྱ་འགུལ་གྱི་མཚོ་སྔོན་ཡན་ལག་ཚོགས་ར་དང་། ཉིས་སྟོང་ཉེར་ལྔ་ལོའི་ནུབ་བྱང་ཡུལ་སྐོར་ཉོ་ཚོང་དྲིལ་སྒྲོག་འོས་སྦྱོར་བྱ་འགུལ་ཟི་ལིང་དུ་སྤེལ།
ཀྲུང་གོའི་ནུབ་བྱང་ས་ཁུལ་ནི་ས་རྒྱ་ཆེ་ཞིང་རི་ཆུ་རྔམ་བརྗིད་ལྡན་ལ། རིག་གནས་སྣ་ཚོགས་ཀྱིས་མཛེས་བར་བརྒྱན་ཡོད་ལ། རང་བྱུང་ཁམས་ཆེན་མོས་བསྩལ་པའི་གནས་རི་དང་འཁྱགས་དར། རྩྭ་ཐང་། གྲམ་ཐང་། མཚེའུ། གཞོངས་ས། བྱེ་ཐང་བཅས་ནི་རང་བཞིན་ལྷུན་གྱིས་གྲུབ་ཡོད། ཐེངས་འདིའི་བྱ་འགུལ་གྱིས་རབ་མཛེས་རི་ཆུ། སྐྱིད་པའི་ཡུལ་སྐོར། ཁྱད་མཚར་ནུབ་བྱང་། མཚོ་སྔོན་གྱི་དུས་ཆད་ཅེས་པ་བརྗོད་གཞིར་བཟུང་ནས། ཁྱོན་ཡོངས་དང་ཟུར་མང་པོ་ནས་ནུབ་བྱང་ཡུལ་སྐོར་གྱི་ཁྱད་འཕགས་རྣམ་པ་མངོན་ཞིང་། རབ་མཛེས་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་གྱི་མི་སེམས་འགུག་པའི་ཆ་མཚོན་པར་བྱས་ཡོད་པ་མ་ཟད། ལག་རྡང་མཉམ་སྦྲེལ་གྱིས་ནུབ་བྱང་ཕྱོགས་ཀྱི་ཁུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་ལེའུ་གསར་པ་བྲིས་ཡོད། དུས་མཉམ་དུ། ཐེངས་འདིའི་ཡུལ་སྐོར་ཉོ་ཚོང་དྲིལ་སྒྲོག་སྐུལ་སྤེལ་བྱ་འགུལ་དང་བསྟུན་ནས། ནུབ་བྱང་ཕྱོགས་ཀྱི་ཞིང་ཆེན་སོ་སོའི་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། ནུབ་བྱང་ཕྱོགས་ཀྱི་ཡུལ་སྐོར་ལམ་ཐིག་མཉམ་བཟོ་དང་། ཐོན་ཁུངས་མཉམ་སྤྱོད། ཁྲོམ་ར་མཉམ་སྐྲུན། སྐུ་མགྲོན་སྐྱེལ་བསུ། མཉམ་ལས་གཉིས་རྒྱལ་བཅས་མངོན་འགྱུར་ཡོང་བ་བྱས་ནས། ནུབ་བྱང་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།
དེ་ལས་གཞན། བྱ་འགུལ་ཁྲོད་དུ་ད་དུང་ཉིས་སྟོང་ཉེར་ལྔ་ལོའི་ཉི་ཟེར་ཐོག་མ་ཞེས་པའི་གོ་ལ་ཧྲིལ་བོས་ཀྲུང་གོ་བརྙན་དུ་ལེན་པའི་བྱ་འགུལ་ཁྲོད་གཟེངས་བསྟོད་ཐོབ་པའི་ལས་ཁུངས་དང་མི་སྒེར་ལ་བྱ་དགའ་གནང་། བྱ་འགུལ་གྱི་མཇུག་ཏུ། ནུབ་བྱང་ས་ཆའི་ཞིང་ཆེན་སོ་སོས་མཉམ་དུ་ཉིས་སྟོང་ཉེར་ལྔ་ལོའི་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་མཉམ་ལས་འགུལ་བསྐྱོད་དངོས་སུ་མགོ་བརྩམས།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།