ཟླ5པའི་ཚེས19ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྨན་བཅོས་འགན་སྲུང་ཅུའུ་ཡིས་གསར་གཏོད་གསར་སྤེལ་བྱས་པའི“སོར་མོའི་རྩེ་ནས་སྨན་བཅོས་འགན་སྲུང་སྒྲུབ”ཅེས་པའི་སྐད་འཕྲིན་སྤྱི་སྟེགས་ཀྱི་བྱེད་ནུས་རྒྱ་བསྐྱེད་ཞབས་ཞུ་དངོས་སུ་སྤྱོད་འགོ་བརྩམས།
རྒྱུས་ལོན་བྱུང་བ་ལྟར་ན། “སོར་མོའི་རྩེ་ནས་སྨན་བཅོས་འགན་སྲུང་སྒྲུབ”ཅེས་པའི་སྐད་འཕྲིན་སྤྱི་སྟེགས་ཀྱི་བྱེད་ནུས་རྒྱ་བསྐྱེད་ཞབས་ཞུ་ནི་སྐད་འཕྲིན་གྱི་སྐྱེ་ཁམས་ལག་རྩལ་གྱི་དགེ་མཚན་ལ་དམིགས་ནས། གདོང་བཤེར་དང་གཤེར་རིས་བརྒྱུད་ཐོ་འགོད་བྱེད་ཐུབ་ལ། དེ་སྔོན་གྱི་སྙོག་འཛིང་ཆེ་བའི་ཐོ་འགོད་འགྲོ་ལུགས་ལས་བྲལ་ཏེ། སྐད་འཕྲིན་གྱི་མ་ལག་ཆུང་བའི་ནང་ལས་སྒོ་ཁག27གཅིག་བསྡུས་བྱས་ཡོད་པར་མ་ཟད། འཚོལ་བཤེར་བྱེད་ནུས་དང་སྨན་བཅོས་འགན་སྲུང་དུ་ཞུགས་པའི་མིས་སྨན་ཉོ་བ། སྲིད་ཇུས་འཚོལ་བཤེར། དངུལ་སྤྲོད་ཕྱོགས་སྟོན་སོགས་གོ་རིམ་ཧྲིལ་བོའི་ཞུབས་ཞུ་འདུས་ཡོད་པས། དོན་དངོས་ཀྱི་ཐོག“བརྡ་འཕྲིན་ལ་བརྟེན་ནས་འགྲོ་མི་དམངས་ལ་སྟབས་བདེ་བཟོ་བ”མངོན་འགྱུར་བྱས།
མཚོ་ནུབ་ཁུལ་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྐད་འཕྲིན་གྱི་ཞབས་ཞུའི་བྱེད་ནུས་ལ་བརྟེན་ནས་རྩིས་ཐོའི་དྲན་སྐུལ་དང་ནད་རྙིང་ལྟ་སྐྱོང་གི་རྣམ་པ་གསར་གཏོད་གསར་སྤེལ་བྱས་ཏེ། སྨན་བཅོས་འགན་སྲུང་དུ་ཞུགས་པའི་མིའི་རྩིས་ཐོའི་འགྱུར་ལྡོག་དུས་ལྟར་བརྡ་སྦྱོར་བྱེད་པ་མངོན་འགྱུར་བྱས། ཁུལ་ཡོངས་ཀྱི་གཏན་གནས་སྨན་ཁང་གི་སྒྲིག་གཞི་དང་དྲ་ཚིགས་བརྡ་འཕྲིན་ཕྱོགས་བསྡུས་བྱས་ནས། ཀོའོ་ཏི་དང་པེའེ་ཏུའུ། ཐིན་ཞོན་བཅས་ཀྱི་ས་ཁྲའི་ཕྱོགས་སྟོན་ལ་སྦྲེལ་མཐུད་བཙུགས་ཏེསྨན་ཁང་དུ་འགྲོ་བའི་ལམ་རྙེད་དཀའ་བའི་དཀའ་ཁག་ཐག་གཅོད་བྱས། སྤྱི་ཚོགས་འགན་སྲུང་གི་དྲ་ལམ་དངུལ་སྤྲོད་མ་ལག་ལ་སྦྲེལ་མཐུད་བྱས་ཏེ། གྲོང་གསེབ་ཀྱི་སྡོད་དམངས་དང་སྟབས་བསྟུན་ལས་ཞུགས་མི་སྣས་ཐད་ཀར་སྨན་བཅོས་འགན་སྲུང་གི་དངུལ་སྤྲོད་ལེགས་འགྲུབ་བྱེད་ཐུབ། དངུལ་སྤྲོད་རྒྱུད་ལམ་རྒྱ་བསྐྱེད་དེ་ཁ་པར་དུ་སྒྲུབ་ཐུབ་པར་བྱས། ལས་སྒྲུབ་དུས་ཡུན་ཡར་སྔོན་གྱི་ཉིན་གཅིག་རིང་ཡར་རྒྱུགས་མར་རྒྱུགས་བྱེད་དགོས་པ་དེ་ད་ལྟ་སྐར་མ་གསུམ་གྱི་ནང་ལས་ཚར་བ་སོགས་སྨན་བཅོས་འགན་སྲུང་དུ་ཞུགས་པའི་མི་སྣའི་ཐོབ་ཚོར་དང་ཡིད་ཚིམས་ཚད་ཏན་ཏིག་གིས་མཐོ་རུ་བཏང་ཡོད།
ཉེ་བའི་ལོ་འགའི་རིང་། མཚོ་ནུབ་ཁུལ་སྨན་བཅོས་འགན་སྲུང་མ་ལག་དེ་ཕྱོགས་ཡོངས་ནས་གཞི་གྲངས་རྣམ་པར་བསྒྱུར་བ་དང་། རྒྱུན་མཐུད་ངང་ཞབས་ཞུའི་རྒྱུད་ལམ་རྒྱ་བསྐྱེད་དང་ཞབས་ཞུའི་ནང་དོན་རྒྱ་བསྐྱེད། ཞབས་ཞུའི་སྦྲེལ་ཐག་རིང་དུ་གཏོང་བ། ཞབས་ཞུའི་སྤུས་ནུས་མཐོར་འདེགས་བཏང་སྟེ་མི་དམངས་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་གི་ཐོབ་ཚོར་དང་བདེ་སྐྱིད་ཀྱི་ཚོར་བ། བདེ་འཇགས་ཀྱི་ཚོར་བ་སྔར་བས་ཕུན་སུམ་ཚོགས་པར་བྱས། ཐེངས་འདིའི་དྲ་ཐོག་གི་སྐད་འཕྲིད་སྤྱི་སྟེགས་བྱེད་ནུས་ཀྱི་རྒྱ་བསྐྱེད་ཞབས་ཞུ་ལ་བརྟེན་ནས་སྒྲུབ་གཉེར་མ་ལག་འཐུས་ཚང་དང་། ལས་སྒྲུབ་གོ་རིམ་ལེགས་བསྒྱུར། ཞབས་ཞུའི་རྣམ་པ་བསྐྱར་འཛུགས་བཅས་གཙོ་གནད་དུ་བཟུང་ནས། མི་དམངས་ཀྱི་སྨན་བཅོས་འགན་སྲུང་གི་དངུལ་སྤྲོད་པ་ནས་ལོངས་སུ་སྤྱོད་པའི་གོ་རིམ་ཧྲིལ་བོར་ཁེབས་པར་བྱས་ཏེ། མང་ཚོགས་ཀྱིས་སྔར་ལས་སྟབས་བདེའི་ངང་སྨན་བཅོས་འགན་སྲུང་གི་དྲ་ལམ་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།