ཉེ་ལམ། ཞིང་ཆེན་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གཞུང་བསྒྲུབ་ཐིན་གྱིས《2025ལོའི་སྤྱོད་གཙང་རིག་གནས་འཛུགས་བསྐྲུན་ལ་ཤུགས་སྣོན་པའི་བྱེད་སྒོའི་བཀོད་སྒྲིག》པར་འགྲེམས་བྱས་པ་དང་། དེའི་དམིགས་ཡུལ་ནི་ཀྲུང་གུང་ཀྲུང་དབྱང་གཞུང་བསྒྲུབ་ཐིན་གྱིས《དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་བསྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་སྐབས་བཅུ་བཞི་པའི་ཞིང་ཆེན་སྒྲིག་ཁྲིམ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པ། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་བསྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ཏེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ཆེད་རེད།
《བྱེད་སྒོའི་བཀོད་སྒྲིག》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་ས་ཁུལ་ཁག་དང་སྡེ་ཁག་སོ་སོའི་གསར་བརྗེའི་རིག་གནས་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་ཁྲོད་ཀྱི་སྤྱོད་གཙང་སྲོལ་རྒྱུན་སྔོག་འདོན་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ས་ཁུལ་གྱི་ཁྱད་ཆོས་དང་ལས་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྤྱོད་གཙང་རིག་གནས་འཛུགས་བསྐྲུན་གྱི་བྱེད་སྒོ་སྤེལ་བ། དྲང་ཕྱོགས་ཀྱི་ཁྲིད་སྟོན་དང་ལྡོག་ཕྱོགས་ཀྱི་ཉེན་བརྡ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ་སྤྱོད་གཙང་གི་འདུ་ཤེས་མི་སེམས་སུ་འཇགས་པར་སྐུལ་འདེད་བཏང་ཡོད།
《བྱེད་སྒོའི་བཀོད་སྒྲིག》ནང་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ཚོགས་སྤྱིར་དམིགས་ནས་ལས་འགན་མང་པོ་བཀོད་སྒྲིག་བྱས་ཡོད་པ་སྟེ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། “སྤྱོད་གཙང་ལས་ཁུངས”བསྐྲུན་པ། ཁྱིམ་ཚང་གི་སློབ་གསོའི་ཁྱིམ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་པ། “སྤྱོད་གཙང་ཆེད་མཁས་པ་ཁྱིམ་ཚང་མང་པོར་བསྐྱོད་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ། ཁྱིམ་ཚང་གི་སྤྱོད་གཙང་རོགས་སྐྱོར་གྱི་སློབ་གསོའི་རྟེན་གཞི་བསྐྲུན་པ་བཅས་བྱས་ཏེ་སྤྱོད་གཙང་རིག་གནས་སློབ་གྲྭར་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ། སྤྱོད་གཙང་གི་བསམ་བློའི་སློབ་གསོ་དང་། “སྤྱོད་གཙང་གི་སློབ་གྲྭའི”སློབ་གསོ་རབ་དང་རིམ་པ་སྤེལ་རྒྱུ་དང་། སྤྱོད་གཙང་གི་རིག་གནས་སྨན་ཁང་དུ་བསྐྱོད་པ། ཁེ་ལས་དང་སྡེ་བ། སྡེ་ཁུལ་བཅས་སུ་བསྐྱོད་པར་ཤུགས་སྣོན་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་སྤྱོད་གཙང་རིག་གནས་འཛུགས་བསྐྲུན་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་ནས་སྤྱོད་གཙང་དར་སྤེལ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་སྲོལ་བཟང་བོ་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་སྣོད་བཅུད་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་རྒྱུར་འགན་སྲུང་བརྟན་པོ་བྱེད་རྒྱུ་རེད།
ཚེ་མགོན་རྒྱལ་གྱིས་བསྒྱར།