ཟླ5པའི་ཚེས21ཉིན།ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་ཟིས་ཟི་ལིང་མེ་འཁོར་ས་ཚིགས་ནས་བསུང་ངད་ལྡང་བའི་མཁའ་ལམ་ཞེས་པ་བརྗོད་གཞི་ཡིན་པའི་དཔེ་དེབ་མེ་འཁོར་དུ་སྐྱེལ་བའི་བྱ་འགུལ་གྱི་འགོ་རྩོམ་མཛད་སྒོ་བསྡུས་ནས། ལྕགས་ལམ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་སྐྱོད་ལམ་གསར་པར་བསྐྱོད། ཐེངས་འདིའི་བྱ་འགུལ་ནི་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་མཉམ་འདྲེས་དཔེ་ཀློག་ཞབས་ཞུའི་མ་ལག་ལ་བརྟེན་ནས། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་དེ་ལྕགས་ལམ་བརྒྱུད་ནས་གཞི་རིམ་དུ་ཆས་པ་དང་རྒྱལ་ཡོངས་སུ་བགྲོད་ཐུབ་པར་བྱས།
ཐེངས་འདིའི་བྱ་འགུལ་ནི་མཚོ་སྔོན་ཞིང་ཆེན་དཔེ་མཛོད9.47TBགཞི་གྲངས་མཛོད་དང་ལེགས་བདམས་དཔེ་དེབ་ཉིས་སྟོང་བསྡེབས་སྒྲིག་བྱས་ཏེ། ཟི་ལིང་མེ་འཁོར་ས་ཚིགས་སུ་དཔེ་དེབ་ཞབས་ཞུའི་ས་ཚིགས་བཙུགས། ཡུལ་སྐོར་པས་བཤེར་རིས་ལ་བརྟེན་ནས་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་དང་དཔེ་དེབ་ཡིག་ཚགས། ཤུལ་བཞག་བརྙན་པར། སྐྱེ་ཁམས་དངོས་བཤུས་གློག་བརྙན་བཅས་ཀྱི་ཁྱད་ལྡན་ཐོན་ཁུངས་འཚོལ་བཤེར་བྱེད་ཐུབ་པ་དང་། མེ་འཁོར་ལ་སྒུག་ཞོར་དུ་མཚོ་སྔོན་གྱི་རིག་གནས་ལོ་རྒྱུས་དང་རང་བྱུང་མཛེས་པ་ཉམས་སུ་མྱོང་བའི་སྒེའུ་ཁུང་དུ་གྱུར་ཡོད།
ཟི་ལིང་མེ་འཁོར་ས་ཚིགས་ནི་མཚོ་བོད་མཐོ་སྒང་གི་འགྲིམ་འགྲུལ་བསྣོལ་མཚམས་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཉིན་རེར་འགྲུལ་བའི་ཁ་གྲངས་ཆ་སྙོམས་ཀྱིས་མི་ཐེངས་ས་ཡ་གཉིས་དང་འབུམ་དྲུག་ཁྲི་ལྔ་རེ་འཁོར་སྐྱོད་བྱེད་ཀྱིན་ཡོད་པས། མཚོ་སྔོན་གྱིས་ཕྱི་ཕྱོགས་ལ་འབྲེལ་གཏུག་བྱེད་པའི་གསེར་གྱི་སྒོ་མོ་ཡིན། སླད་མར། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་ཡུན་རིང་མཉམ་འབྲེལ་རྐྱེན་སྲོལ་བཙུགས་ནས། ཡུལ་སྐོར་པས་གསུང་རབ་བཀླག་པར་སྔར་ལས་སྟབས་བདེ་བཟོ་བ་དང་། མཚོ་སྔོན་རིག་གནས་ཡུལ་སྐོར་གྱི་ཞབས་ཞུའི་རྣམ་གྲངས་ལོངས་སུ་སྤྱོད་ཐུབ་པར་བྱས་ནས། ནང་དོན་ཕུན་སུམ་ཇེ་ཚོགས་དང་ཉམས་ལེན་གྱི་ཕན་འབྲས་མཐོར་འདེགས་སུ་གཏང་རྒྱུ་རེད།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།