ཟླ5བའི་ཚེས20ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་ནས་བཟུང་། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྐྱེ་ཁམས་དཔལ་ཡོན་ཀྱི་མཐོ་ས་དང་ཐོན་ལས་འཛུགས་སྐྲུན་ཀྱི“གནས་བཞི”བསྐྲུན་པའི་འཐབ་ཇུས་ཀྱི་ངེས་གནས་ལ་དམ་པོར་དམིགས་ཏེ། མཚོ་སྔོན་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་རྣམ་པའི་ཐོན་ལས་ཀྱི་མ་ལག་གསོ་སྐྱོང་བྱེད་པ་དམིགས་འབེན་དུ་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པ་འགག་སྒྲོལ་དུ་འཛིན་པ། ཚོང་འདྲེན་མ་འགུག་ཀྱི་ལས་གཞིའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། སྦྲེལ་ཐག་ཧྲིལ་བོའི་ལས་གཞིའི་ཞབས་ཞུ་འགན་སྲུང་ནུས་ལྡན་དུ་གཏོང་དགོས། མིག་སྔའི་བར་དུ། 《2025ལོའི་མཚོ་སྔོན་ཞིང་ཆེན་ཚོང་འདྲེན་མ་འགུག་ལས་གཞི་རྣམ་གྲངས》དོན་འཁྱོལ་བྱེད་པར་གྲུབ་འབྲས་མངོན་གསལ་བླངས་ཡོད་ལ། དག་གཙང་ནུས་ཁུངས་དང་སྐྱེ་ཁམས་ཐོན་ལས། རྒྱུ་ཆ་གསར་བ། གཞི་གྲངས་དཔལ་འབྱོར་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཁྱབ་ཁོངས་ཀྱི་ལས་གཞི120ལྷག་ལ་གན་རྒྱ་བཞག་པར་མ་ཟད་ལས་གཞི་མགོ་རྩོམ་པར་སྐུལ་འདེད་བྱེད་པའི་རིམ་པར་སླེབས་ཡོད་ལ། གན་རྒྱ་བཞག་པའི་སྒོར་གྲངས་ཁྲག་ཁྲིག་གཅིག་ལས་བརྒལ་ཡོད།
ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ནུས་ཁུངས་གསོག་ཉར་གྱི་སྒྲིག་ཆས་དང་། ཐཱན་མེད་རྩིས་ནུས་སོགས་ཐོན་ལས་སྦྲེལ་ཐག་གི་བྱ་རིམ་གལ་ཆེན་གཞིར་བཟུང་ནས། སྦྲེལ་ཐག་ལ་ཁ་སྣོན་དང་ཁ་གསབ། སྟོབས་ལྡན་དུ་གཏོང་བའི་ཚོང་འགུག་ཇུས་གཞི་ལག་བསྟར་བྱས་ཏེ། ཁེ་ལས་སྟོབས་ལྡན་ནང་འགུག་བྱེད་པ་དང་། ཞིབ་ཁྲའི་ཁྱབ་ཁོངས་ནས་གསར་འགུག་ལེགས་འདྲེན་སོགས་ཀྱི་བྱེད་ཐབས་ལ་བརྟེན་ཏེ། རྒྱལ་ཁབ་ནུས་ཁུངས་དངུལ་གཏོང་སྡེ་ཁག་གིས་སྟོང་ཝ་ས་ཡ་གཅིག་གི་རླུང་འདོན་འོད་ནུས་གསོག་འཇོག་དང་སྟོང་ཝ་འབུམ་གཅིག་ཁྲི་ལྔ་ཡི་རླུང་འདོན་འོད་དང་། ཀྲུང་གོ་སྤོ་འགུལ(ཟི་ལིང)ལྗང་གློག་དང་ཤེས་རྩིས་མཉམ་འདྲེས་ཀྱི་དཔེ་སྟོན་གནས་གཞི་འཛུགས་སྐྲུན། དྲང་སྙོམས་ཁུ་ནུའི་རྩིས་ནུས་གློག་གི་མཐུན་སྦྱོར་དཔེ་སྟོན་ཐོན་ལས་གླིང་སོགས་ཀྱི་ལས་གཞིའི་གན་རྒྱར་མིང་རྟགས་བཀོད་དེ། “ལས་གཞི་གཅིག་གིས་ཐོན་ལས་བརྒྱ་ལ་སྐུལ་ཁྲིད་དང་མང་ཚོགས་མང་བོར་ཕན་ཐོག”པའི་གྲུབ་འབྲས་ལྡབ་འགྱུར་གྱི་རྣམ་པ་གྲུབ་པར་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ཡོད་པ་དང་ལག་རྩལ་སྔོན་ཐོན་ཡིན་པ། སྦྲེལ་ཐག་ཆ་ཚང་ཡིན་པའི་གསར་དར་ཐོན་ལས་ཀྱི་སྐྱེ་ཁམས་ར་བ་མགྱོགས་མྱུར་ངང་གྲུབ་པར་བྱས་ཡོད།
ཚྭ་མཚོའི་ཐོན་ཁུངས་ལ་བརྟེན་ནས་མཐོ་སྒང་གི་ཞིང་ཕྱུགས་ལས་རིགས་ཀྱི་ཐོན་ཁུངས་སོགས་ཀྱི་དགེ་མཚན་ལ་དམིགས་ཏེ། “ཐོན་ཁུངས་ཀྱིས་ཁེ་ལས་འདྲེན་པ་དང་ཐོན་ལས་ཀྱིས་རྒྱུ་རྐྱེན་བསྡུ་བ”རྒྱུན་འཁྱོངས་བྱེད་པ། སྲོལ་རྒྱུན་ཐོན་ལས་རྩེར་སོན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་གྱི་བཅོས་སྒྱུར་ལ་སྐུལ་འདེད་དང་གསར་དར་ཐོན་ལས་ཀྱི་གསོ་སྤེལ་སྒུལ་ཤུགས་སྟོབས་ལྡན་དུ་བསྒྱུར། ཚྭ་མཚོའི་ཐོན་ཁུངས་ཀྱི་གསར་སྤེལ་ཁྱབ་ཁོངས་ནས་ཐཱན་སྐྱུར་ལིས་ཏུན་སྟོང་གཉིས་ནང་འདྲེན་དང་། ཧཱ་ཞིས་ཡ་ཐུའུC11ཁབ་ལེན་ལྕགས་རིགས་མང་བོའི་གཏེར་ཁ་སྔོགས་འདོན་དང་། སྙིགས་རོ་ཏུན་འབུམ་གཅིག་ལྷག་སླར་གསོ་བྱས་ཏེ་ཐོན་ཁུངས་ཀྱི་རྣམ་པར་བསྒྱུར་བའི་ལས་གཞི་ནང་འདྲེན་བྱས་ཏེ། ཐོན་ཁུངས་ཀྱི་ལེགས་ཆ་ཐོན་ལས་ཀྱི་ལེགས་ཆར་བསྒྱུར་བ་དང་། དཔལ་འབྱོར་ཀྱི་ལེགས་ཆར་བསྒྱུར་བཀོད་གཏོང་བར་སྐུལ་འདེད་བྱས་པ་མ་ཟད། འགྲན་རྩོད་ཀྱི་ནུས་ཤུགས་ཡོད་པའི་ཁྱད་ལྡན་ཐོན་ལས་ཀྱི་ཚོགས་སྤྱི་བསྐྲུན་པར་རོགས་འདེགས་བྱས། མཐོ་སྒང་གི་ཞིང་ཕྱུགས་ལས་རིགས་ཀྱི་ཞིབ་ཕྲ་ཅན་གྱི་འཕེལ་རྒྱས་ཕྱོགས་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཕྱིར་གཏོང་བྱེད་ཡུལ་བསྐྲུན་པར་གཞི་བཙུགས་ཏེ། ནོར་ནག་གི་ཐོན་ལས་དང་འཕང་འབྲས། ཚེར་མ་དཀར་པོ་སོགས་ཀྱི་མུ་འབྲེལ་ཐོན་རྫས་ཀྱི་ལས་སྣོན་ལས་གཞི་སྐོར་ཞིག་ནང་འདྲེན་བྱས་ཏེ། མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྗས་རྩེར་སོན་ཅན་དང་ཚད་ལྡན་ཅན། ཟོང་རྟགས་ཅན་གྱི་རིམ་པར་འཕེལ་བར་སྐུལ་འདེད་བྱས།
མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་མཐོ་སྒང་སྐྱེ་ཁམས་དང་། རང་བྱུང་ཐོན་ཁུངས། རིག་གནས་ཡུལ་སྐོར་སོགས་ཀྱི་དགེ་མཚན་ལ་རྐང་བཙུགས་ཏེ། སྐྱེ་ཁམས་དང་རིག་གནས་ཡུལ་སྐོར། ཐོན་ལས་བཅས་ཀྱི་མཉམ་འདྲེས་ཚོང་འདྲེན་རྣམ་པ་གསར་གཏོད་བྱས་ཏེ། ཁྲིན་ཅིས་གསོལ་མགྲོན་ཁང་དང་། ཁྲི་ལིན་གསོལ་མགྲོན་ཁང་སོགས་ནང་འགུག་བྱས་ཏེ། ཟི་ལིང་གི་དོམ་ཁྲ་ཁང་གི་སྤུས་ཚད་རིམ་འཕར་དང་། 6860མཚོ་སྔོན་ཐོན་རྫས་རིག་གནས་མྱོང་རོལ་ལྟེ་གནས། རིག་གནས་ཡུལ་སྐོར་ལྟེ་གནས་སོགས་ཀྱི་ལས་གཞི་དོན་འཁྱོལ་བྱེད་པར་སྐུལ་འདེད་བྱས་ནས། ཁྱབ་ཁོངས་ཧྲིལ་བོའི་ལྗོངས་རྒྱུ་དང་དུས་ཚིགས་ཧྲིལ་བོའི་མྱོང་རོལ། ཐོན་ལས་ཀྱི་སྦྲེལ་ཐག་ཧྲིལ་བོའི་གསར་སྤེལ་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ། རབ་མཛེས་མཚོ་སྔོན་ཀྱི་སྐྱེ་ཁམས་ཟོང་རྟགས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཚོང་འདྲེན་མ་འགུག་ལས་གཞིའི་བཀོད་གཏོང་དང་ཞབས་ཞུའི་འགན་སྲུང་བྱ་བར་ཤུགས་བསྣན་ཏེ། རྒྱུ་རྐྱེན་ཧྲིལ་བོའི་འགན་སྲུང་དང་གོ་རིམ་ཧྲིལ་བོར་རྗེས་འདེད། མགོ་མཇུག་བར་གསུམ་གྱི་རྐྱེན་སྲོལ་ཟབ་སྤེལ་བྱས་པ་དང་། ཤུགས་ཆེན་པོས་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་རྩེར་སོན་ཚོང་གཉེར་ཁོར་ཡུག་བསྐྲུན་ཏེ། ཁེ་ལས་ཀྱིས་མཚོ་སྔོན་དུ་བློ་བདེའི་ངང་མ་དངུལ་གཏོང་བ་དང་། སེམས་བདེ་མོས་ཚོང་གཉེར་བྱེད་པ། བློ་སེམས་རྩེ་གཅིག་གིས་ལས་གཏོད་བྱེད་པ། བགས་ཕེབས་ངང་འཕེལ་རྒྱས་གཏོང་བར་བྱས་ཏེ། རྒྱུན་མཐུད་ངང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་བསྩལ།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།