གསར་དུ་བཟོ་བཅོས་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་སྲོལ་ཡིག་ཟླ8པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།
2025.05.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས21ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པའི་སྟེང་གསར་དུ་བཟོ་བཅོས་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་སྲོལ་ཡིག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྲོལ་ཡིག་ཕྱིར་བཏོན་པ་དེས་ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྲུང་སྐྱོབ་བྱེད་པའི་ཐད་བཅའ་ཁྲིམས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་རྒྱུ་རེད།

སྲོལ་ཡིག་དེར་བསྡོམས་པས་དོན་ཚན་ང་བདུན་ཡོད་པ་དང་། སྤྱིའི་རྩ་དོན་དང་ཁྱིམ་ཚང་སྲུང་སྐྱོབ། སློབ་གྲྭ་སྲུང་སྐྱོབ། སྤྱི་ཚོགས་སྲུང་སྐྱོབ། དྲ་རྒྱ་སྲུང་སྐྱོབ། སྲིད་གཞུང་སྲུང་སྐྱོབ། ཁྲིམས་འཛིན་སྲུང་སྐྱོབ། བཅའ་ཁྲིམས་འགན་འཁྲི་དང་ཞར་བྱུང་བཅས་ལེའུ་དགུ་རུ་བགོས་ཡོད། གོང་གནས་བཅའ་ཁྲིམས་ཀྱི་རྩ་དོན་རང་བཞིན་གྱི་དོན་ཚན་གཙོ་བོ་སོར་འཇོག་བྱས་ཡོད་པ་དང་། གོང་གནས་བཅའ་ཁྲིམས་དང་ཁྱིམ་ཚང་གི་དྲག་ཤུགས་ལ་ངོ་རྒོལ་བྱེད་པ། ཁྱིམ་ཚང་སློབ་གསོར་སྐུལ་སྤེལ་བྱེད་པ་སོགས་ཕྱོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ཁྲོད་ཀྱི་བསྐྱར་ཟློས་ཞིབ་གླེང་བྱས་པའི་སྔར་ཡོད་ནང་དོན་མེད་པར་བཟོས་ནས། ཁ་གཏད་རང་བཞིན་དང་ལག་བསྟར་རང་བཞིན་སྔར་ལས་ཇེ་དྲག་ཏུ་བཏང་།

སྲོལ་ཡིག་ནང་ཁྱིམ་ཚང་དང་སློབ་གྲྭ སྤྱི་ཚོགས། དྲ་རྒྱ། སྲིད་གཞུང་། ཁྲིམས་འཛིན་བཅས་ཕྱོགས་དྲུག་ཐད་ཀྱི་སྲུང་སྐྱོབ་ལས་འགན་ཕྱིར་བཏོན་པ་དང་། སྲུང་སྐྱོབ་ཆེན་པོ་དྲུག་གཙོ་ཐིག་ཏུ་བྱས་ནས། ལོ་འདི་འགའི་རིང་གི་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པའི་ཕྱོགས་ཀྱི་ཁྱིམ་ཚང་གི་ལྟ་སྐྱོང་མེད་པའི་གནད་དོན་འབུར་དུ་ཐོན་པ་དང་སྲིད་གཞུང་གི་འགན་འཁྲི་གསལ་བོ་མིན་པ། རྐྱེན་སྲོལ་ཆད་ལྷག་ཐད་མཐུན་སྦྱོར་གཅིག་འདོམས་བྱེད་པ། དྲ་རྒྱ་སྲུང་སྐྱོབ་ཐད་ནས་ཆད་ལྷག་ཡོད་པ། སློབ་གྲྭའི་བརྙས་བཅོས་ལ་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་པ། སྤྱི་ཚོགས་སྲུང་སྐྱོབ་ཐད་ནས་མི་འདང་ས་ཡོད་པ། ནར་མ་སོན་པའི་གནོད་འཚེ་ཕོག་མཁན་ལ་སྲུང་སྐྱོབ་དང་དོ་སྣང་བྱེད་ཚད་མི་འདང་བ་སོགས་ཀྱི་གནས་ཚུལ་གསར་བ་དང་གནད་དོན་གསར་བ་ཐག་གཅོད་བཟང་བོ་བྱས།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། སྲོལ་ཡིག་བཟོ་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད། མི་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། སྲིད་གཞུང་གི་ཞབས་ཞུ་འགན་སྲུང་འགན་འཁྲི་འབུར་ཐོན་བྱས་ལ། བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་སློབ་གསོའི་སྲིད་འཛིན། དྲ་འཕྲིན། ཚོང་རའི་ལྟ་སྐུལ་དོ་དམ། འཕྲོད་བསྟེན་བདེ་ཐང་། ཁྲིམས་འཛིན་སོགས་སྡེ་ཁག་གི་འགན་འཁྲི་ཇེ་དྲག་ཏུ་བཏང་། དྲ་རྒྱ་སྲུང་སྐྱོབ་ཕྱོགས་ནས། འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་ལས་རིགས། ནར་མ་སོན་པའི་མིའི་ཁྱིམ་ཚང་དང་སློབ་གྲྭས་ནར་མ་སོན་པའི་མིའི་དྲ་རྒྱའི་བློ་སྦྱོང་དང་དྲ་རྒྱའི་བདེ་འཇགས་སློབ་གསོ་ལ་ཤུགས་སྣོན་པའི་ཐད་ནས་ཚད་ལྡན་དུ་བཏང་བ་དང་། དེའི་དམིགས་འབེན་ནི་ནར་མ་སོན་པའི་མིའི་འཚར་ལོངས་ཆ་རྐྱེན་དང་སྤྱི་ཚོགས་ཁོར་ཡུག་སྔར་ལས་ལེགས་བསྒྱུར་བྱེད་རྒྱུ་དེ་རེད།

སྲོལ་ཡིག་དེ2025ལོའི་ཟླ8པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།