མཚོ་སྔོན་གྱི་ཉ་ལས་ཁྲིམས་བསྟར་ལས་ཁུངས་ལ་སྡེ་ཁག་གསུམ་གྱིས་མཉམ་འབྲེལ་སྒོས་གཟེངས་བསྟོད་བྱས།
2025.05.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5བའི་ཚེས22ཉིན། གསར་འགོད་པའི་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་ཤེས་གསལ་ལྟར་ན། ཞིང་ལས་ཞིང་སྡེ་པུའུ་དང་། སྤྱི་བདེ་པུའུ། ཀྲུང་གོ་མཚོ་ཐོག་ཉེན་རྟོག་ཅུའུ་བཅས་ཀྱིས་ཉེ་ཆར་མཉམ་འབྲེལ་སྒོས་ཡིག་ཆ་བཀྲམ་ནས་2024ལོའི་ཉ་ལས་ཁྲིམས་འཛིན་གྱི་ཆེད་དོན་བྱ་བ་འབུར་ཐོན་ཡིན་པའི་ལས་ཁུངས་དང་མི་སྒེར་ལ་གཟེང་བསྟོད་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རོང་འབྲོག་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྐྱོང་ཅུའུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་སྤྱི་བདེ་ཅུའུ་བར་བཞི་མངགས་གཏོང་ཁང་བཅས་སྡེ་ཁག3ལ་ཐུན་མོང་བྱ་དགའ་དང་། ཁོངས་གཏོགས་ལས་ཁུངས་ཀྱི་བློ་མཐུན་6ལ་མི་སྒེར་གྱི་མཚན་སྙན་ཐོབ་པ་རེད།

2020ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་འབྲི་ཆུའི་ཉ་འཛིན་གཏན་འགོག་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ཉ་འཛིན་གཏན་འགོག་གི་ཡུན་རིང་ལམ་སྲོལ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་བ་དང་དུས་ངེས་མེད་དུ་ཆེད་དོན་བཅོས་སྒྲིག་བྱས་ཏེ། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཞིང་། རིམ་རྩིས་བྱས་ན་མཉམ་འབྲེལ་ཁྲིམས་འཛིན་བྱ་སྤྱོད་ཐེངས573སྤེལ་བ་དང་། ཆུའི་ཐོན་རྫས་ཐོན་སྐྱེད་ཁེ་ལས་དང་། ལས་སྣོན་བཟོ་ཁང་ཆུང་གྲས། ཚོང་ཁང་།  བཟའ་བཏུང་ལས་རིགས་བཅས་ལ་ཞིབ་བཤེར་ཐེངས་ཁྲི9ཙམ་བྱས་པ། གློག་རྡུལ་ཚོང་དོན་ལས་སྟེགས(དྲ་ཚིགས)ལ་ལྟ་ཞིབ་ཚད་ལེན་ཐེངས་ཁྲི4བྱས་ཏེ་ཉ་དང་འབྲེལ་བ་ཡོད་པའི་གྱོད་གཞི་གལ་ཆེན་གཅིག་ཀྱང་བྱུང་མེད་ལ། བརྒྱུད་རིམ་དེའི་ཁྲོད་ཁྲིམས་འཛིན་སྔོན་ཐོན་སྡེ་ཁག་དང་མི་སྒེར་མང་པོ་ཞིག་ཡོད་ལ། ཁོང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལྷག་བསམ་རྣམ་དག་དང་འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱས་ཏེ། ཏང་ལ་ལྷག་བསམ་རྣམ་དག་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཁྲིམས་སྐྱོང་ནན་མོར་སྲུང་བ། མི་དམངས་ལ་བརྩེ་སེམས་བཅངས་པ་བཅས་ཀྱི་བླ་ན་མེད་པའི་སྙིང་སྟོབས་མངོན་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཉ་འཛིན་གཏན་འགོག་དང་ཁྲིམས་འཛིན་གྱི་ཕུལ་བྱུང་འཐུས་མིར་གྱུར་ཡོད།

ཞིང་ཆེན་ཡོངས་ཀྱི་ཉ་ལས་ཁྲིམས་བསྟར་སྡེ་ཁག་གིས་ཐེངས་འདིའི་གཟེངས་བསྟོད་གོ་སྐབས་སུ་བཟུང་སྟེ། དཀའ་ངལ་ཁྱད་སེལ་དང་། ཁྲིམས་བསྟར་བྱང་ཚད་དང་ནུས་པ་མུ་མཐུད་དུ་མཐོར་འདེགས་བཏང་སྟེ། རྒྱུན་མཐུད་སྒོས་ཁྲིམས་བསྟར་བྱེད་སྒོ་སྤེལ་བ། ཉ་ལས་དང་འབྲེལ་བའི་ཁྲིམས་འགལ་ཉེས་འགལ་གྱི་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་མོ་གཏོང་བ་བཅས་བྱས་ཏེ། ཉ་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་དང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་གསར་པ་སྔར་ལས་ཆེན་པོ་ལེན་པར་ནུས་ཤུགས་འབུལ་རྒྱུ་རེད།

ཚེ་མགོན་རྒྱལ་གྱིས་བསྒྱུར།