མཚོ་སྔོན་གྱི་དམག་དཔུང་དང་ས་གནས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་དམངས་དོན་ཁྲིམས་གཞུང་གི་དྲིལ་སྒྲོག་ཟླ་བའི་བྱ་འགུལ་སྤེལ།
2025.05.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

གཞི་རིམ་དཔོན་དམག་གི་ཁྲིམས་སྐྱོང་བྱང་ཚད་མཐོར་འདེགས་གཏོང་ཆེད། ཟླ5པའི་ཚེས22ཉིན། བཅིངས་འགྲོལ་དམག་ཟི་ལིང་དམག་དོན་ཞིབ་དཔྱོད་ཁང་གིས་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་མི་དམངས་ཞིབ་དཔྱོད་ཁང་དང་མཉམ་འབྲེལ་བྱས་ནས་བཅའ་ཁྲིམས་ཁྱབ་གདལ་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ། མཚོ་སྔོན་དུ་སྡོད་པའི་དམག་དཔུང་དུ་སོང་ནས་དམངས་དོན་ཁྲིམས་གཞུང་གི་དྲིལ་སྒྲོག་ཟླ་བའི་ཆེད་དོན་བྱ་འགུལ་སྤེལ།

སྐམ་དམག་སྟོང་ཤོག་ག་གེ་མོ་དང་མེ་ཤུགས་འཕུར་མདའི་དམག་གི་བཅའ་སྡོད་སྦྱོང་བརྡར་བྱེད་ས་རུ། དམག་དཔུང་དང་ས་གནས་ཀྱི་ཞིབ་དཔྱོད་དཔོན་པོས་དམངས་དོན་ཁྲིམས་གཞུང་དང་གཞི་རིམ་གྱི་བཀོད་འཐབ་པའི་བྱ་བ་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་དོན་ཚན་དེ་དཔེར་ན་རྒྱུ་དངོས་བདག་དབང་སྲུང་སྐྱོབ་དང་གན་རྒྱ་ལག་བསྟར། དབང་གནོད་འགན་འཁྲི། གཉེན་སྒྲིག་ཁྱིམ་ཚང་སོགས་ལ་དམིགས་པ་དང་། དཔེ་མཚོན་གྱོད་གཞི་ལ་ཟུང་འབྲེལ་བྱས་ནས་འགྲེལ་བཤད་གསལ་བོ་བྱས་པ་མ་ཟད། རྒྱུན་མཐོང་གི་བཅའ་ཁྲིམས་གནད་དོན་ལ་ཁ་གཏད་དེ་ཡུལ་དངོས་ནས་དོགས་སེལ་བྱས། གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་བྱེད་པ་དང་མཉམ་འགུལ་སྤེལ་རེས་ཀྱི་རྣམ་པ་བརྒྱུད་དེ། དཔོན་དམག་གིས་དམངས་དོན་ཁྲིམས་གཞུང་ཐད་ཀྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བར་རོགས་བྱས་པ་དང་། ཁྲིམས་ལྟར་ཁེ་དབང་སྲུང་སྐྱོབ་བྱེད་པའི་ནུས་པ་མཐོར་འདེགས་བཏང་།

བྱ་འགུལ་ཡུལ་དངོས་སུ། བཅའ་ཁྲིམས་ཁྱབ་གདལ་ཚོགས་པས་ད་དུང་དམངས་དོན་ཁྲིམས་གཞུང་གི་དྲིལ་སྒྲོག་ལག་དེབ་དང་ཆང་འཐུང་ནས་རླངས་འཁོར་བསྐོར་བར་སྔོན་འགོག་བྱེད་པའི་གྱོད་གཞི་གཅེས་བཏུས་སོགས་ཡིག་ཆ་དང་བཅའ་ཁྲིམས་རིག་རྩོམ་ཐོན་རྫས་འགྲེམ་སྟེར་བྱས། དེ་དང་མཉམ་དུ། དཔོན་དམག་གི་བཅའ་ཁྲིམས་དགོས་མཁོར་རྒྱུས་ལོན་གསལ་བོ་བྱས་ནས། བཅའ་ཁྲིམས་བློ་འདྲི་དང་མཛུབ་སྟོན་འདོན་སྤྲོད་བྱས།

རིན་ཆེན་མཚོས་བསྒྱུར།