2025ལོའི་མཚོ་སྔོན་གསར་འགྱུར་འཐབ་ཕྱོགས་ཀྱི་གསར་འགོད་པ་བཟང་བོས་གཏམ་རྒྱུད་ཡག་པོ་བཤད་ཅེས་པའི་སྐོར་སྐྱོད་གཏམ་བཤད་བྱ་འགུལ་ལ་སློབ་གླིང་སོ་སོ་རུ་ཚུར་སྣང་དྲག་པོ་བྱུང་།
2025.05.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་དང་ཞིང་ཆེན་གསར་འགྱུར་བྱ་བའི་མཐུན་ཚོགས་ཀྱིས་མཉམ་འབྲེལ་སྒོས་ཉིས་སྟོང་ཉེར་ལྔ་ལོའི་མཚོ་སྔོན་གསར་འགྱུར་འཐབ་ཕྱོགས་ཀྱི་གསར་འགོད་པ་བཟང་བོས་གཏམ་རྒྱུད་ཡག་པོ་བཤད་ཅེས་པའི་སྐོར་བསྐྱོད་གཏམ་བཤད་བྱ་འགུལ་སྔ་རྗེས་སུ་མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་བཅས་སུ་སྤེལ་བ་དང་། སློབ་མ་སྟོང་གཉིས་ལྷག་ཡུལ་དངོས་སུ་ཡོང་ནས་གསར་འགོད་པས་བཤད་པའི་གཏམ་རྒྱུད་ཡག་པོ་ལ་ཉན།

  བྱ་འགུལ་ཁྲོད་དུ། ཞིང་ཆེན་ཡོངས་ཀྱི་གསར་འགྱུར་འཐབ་ཕྱོགས་ནས་ཡོང་བའི་ཕུལ་བྱུང་གསར་འགོད་པ་རྣམས་ཀྱིས་རྩ་ཆེ་བའི་བརྙན་ཐུང་དང་པར་རིས། ཡུལ་དངོས་འབྲེལ་འདྲིས་བཅས་ཀྱི་རྣམ་པ་བརྒྱུད་ནས། མཚོ་སྔོན་གྱི་ཕུལ་བྱུང་འགོ་ཁྲིད་ལས་བྱེད་དང་གཞི་རིམ་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་ཞུ། སྨན་བཅོས་ཚན་རིག་ལ་ཞིབ་འཇུག རི་སྐྱེས་སྲོག་ཆགས་ལ་སྐྱོབ་བཅོས། གྲོང་གསེབ་ཁྱབ་ཁོངས་ཀྱི་ལས་གཏོད་སོགས་ཀྱི་ངོས་ནས་མི་སེམས་འགུལ་བའི་གཏམ་རྒྱུད་བཤད་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ཐད་བླངས་པའི་གྲུབ་འབྲས་གསར་པ་མཚོན་པར་བྱས་པས། དགེ་སློབ་ཀུན་གྱིས་ཚུར་སྣང་དྲག་པོ་བྱུང་།

མཚོ་སྔོན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་བསམ་བློའི་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་ཏུང་ཁྲའོ་ཡིས་བཤད་རྒྱུར། ཐེངས་འདིའི་བྱ་འགུལ་ནི་གསོན་ཉམས་དོད་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་ཅིག་རེད་ལ། གསར་འགོད་པ་ཚོའི་གཏམ་བཤད་ཀྱིས་ཞིང་ཆེན་གྱི་གནས་བབ་ལ་ངོས་འཛིན་གཏིང་ཟབ་བྱ་ཐུབ་ལ། གསར་འགོད་བྱ་བའི་རིན་ཐང་དང་དོན་སྙིང་མངོན་པར་བྱས་ཡོད་པ་མ་ཟད། བྱ་འགུལ་ཁྲོད་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་དག་གིས་སློབ་ཆེན་པ་ཚོར་མཚོ་སྔོན་ལ་རྒྱུས་ལོན་དང་ཕ་ཡུལ་ལ་དགའ་ཞེན་བྱེད་དུ་འཇུག་ནུས་པ་མ་ཟད། བསམ་བློ་ཆབ་སྲིད་ཀྱི་ངོས་ནས་དཔེ་གཞི་གསོན་པོ་ཞིག་འདོན་སྤྲོད་བྱས་ཡོད།

གཞན་སློབ་གྲྭ་སོ་སོའི་སློབ་གྲོགས་རྣམས་ཀྱིས་མགྲིན་གཅིག་ཏུ་བཤད་རྒྱུར། གསར་འགོད་པ་དག་གི་གཏམ་བཤད་ཀྱིས་ང་ཚོར་རང་ཉིད་ཀྱི་གམ་ན་ཁུ་སིམ་མེར་ངལ་རྩོལ་ལ་འབད་པའི་ལས་སྒྲུབ་པ་རེ་རེ་དྲན་དུ་བཅུག་བྱུང་། སྐྱེ་ཁམས་སྲུང་སྐྱོབ་དང་གྲོང་གསེབ་དར་སྤེལ་སོགས་གང་ཡིན་རུང་བརྟན་སྲུང་དངོས་སྒྲུབ་བྱེད་དགོས། གསར་འགོད་པ་དག་གི་བརྙན་རིས་ལས་མཚོ་སྔོན་གྱི་སྐྱེ་ཁམས་ཀྱི་འཕོ་འགྱུར་མངོན་འདུག་ལ། དེ་དག་རེ་རེའི་རྒྱབ་ན་མི་མང་པོའི་འབད་འཐབ་ཡོད། དུས་རབས་གསར་པའི་ན་གཞོན་ཞིག་གི་ངོས་ནས། ང་ཚོས་བྱ་བ་ཆུང་ངུ་ནས་མགོ་བརྩམས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ལ་ལང་ཚོའི་སྟོབས་ཤུགས་འབུལ་དགོས་ཟེར། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།