ཟླ5བའི་ཚེས23ཉིན། གསར་འགོད་པས་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་དང་ཞིང་ཆེན་ས་ཡོམ་ཅུའུ་གཉིས་ཀྱིས་གྲོས་མོལ་བྱས་ཏེ་མཚོ་བོད་མཐོ་སྒང་ས་ཡོམ་གནོད་འཚེའི་ཁ་གཏད་ཐག་གཅོད་ཀྱི་མཐུན་སྦྱོར་རྐྱེན་སྲོལ་བཟོས་པ་དང་། ས་བབས་མཐོ་ཞིང་གྲང་ངར་ཆེ་བའི་ས་ཁུལ་གྱི་ཡོམ་འགོག་རྒུད་སྐྱོབ་དང་འཕྲལ་བསྟུན་རོགས་སྐྱོབ་ནུས་པ་མཐོར་གདེགས་བཏང་།
རྐྱེན་སྲོལ་དེ་ཡིས་གོ་རིམ་ཧྲིལ་བོའི་མཉམ་འགུལ་སྲོག་ཤིང་དུ་འཛིན་པ་དང་། ཆ་འཕྲིན་མཉམ་སྤྱོད་ཀྱི་སྤྱི་སྟེགས་བཙུགས་ནས་ས་ཡོམ་གྱི་ཉེན་བརྡ་མགྱོགས་མྱུར་ངང་གཏོང་ཐུབ་པ་མངོན་འགྱུར་དང་། གནོད་འཚེ་བྱུང་རྗེས་དུས་ཐོག་དུ་འཕྲལ་བསྟུན་དང་ལེན་བྱེད་ཐུབ་པ་ཁེག་ཐག་བྱས་ཡོད་ལ། རིག་སྟོབས་ཅན་གྱི་བཀོད་འདོམས་མ་ལག་ལ་བརྟེན་ཏེ། ས་ཡོམ་གྱི་ལྟ་ཞིབ་ཚད་ལེན་གཞི་གྲངས་དང་མེ་ཟོན་བཀོད་གཏོང་དྲ་བའི་མཉམ་འབྲེལ། གཅིག་གྱུར་བཀོད་འདོམས་དང་། མགྱོགས་མྱུར་མཉམ་འགུལ་གྱི་རོགས་སྐྱོབ་མ་ལག་བསྐྲུན་པར་སྐུལ་འདེད་བཏང་ཡོད། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་སྒོས་རྒྱུན་རྣམ་ཅན་གྱི་གནོད་འཚེའི་གནས་ཚུལ་ལ་དབྱེ་ཞིབ་བྱེད་པ་དང་། ཟླ་རེར་ཆེད་མཁས་བའི་གྲོས་མོལ་རྩ་འཛུགས་བྱས་ཏེ་སྔོན་བཀོད་ཇུས་གཞི་ལེགས་བསྒྱུར་བྱེད་པ། སྦྱོར་བརྡར་རྟེན་གཞི་དང་ཁྲིད་སྟོན་པའི་སྟོབས་ཤུགས་མཉམ་སྤྱོད་བྱེད་པ་དང་། མཉམ་སྡེབ་གྲབས་སྦྱོང་ལ་བརྟེན་ནས་རུ་ཁག་གི་མཉམ་ལས་ནུས་པ་མཐོར་འདེགས་བཏང་།
གནོད་འགོག་རྒུད་སྐྱོབ་ཀྱི་ཕྱོགས་ནས། སྡེ་ཁག་གཉིས་ཀྱིས་ཚན་རིག་ཁྱབ་བརྡལ་དྲིལ་བསྒྲགས་དང་འཕྲལ་བསྟུན་སློབ་གསོ་སྤེལ་བ། སྨྱན་བྱེད་སྤྱི་སྟེགས་ལ་བརྟེན་ནས་ཚན་རིག་ཁྱབ་བརྡལ་རྟེན་གཞི་རུ་ས་ཡོམ་ལས་ཐར་ཐབས་དང་མེ་ཟོན་རང་སྐྱོབ་ཤེས་བྱ་ཁྱབ་བརྡལ་བཏང་བར་མ་ཟད། དུས་བཅད་ལྟར་གཙོ་གནད་ས་ཁུལ་གྱི་འཕྲལ་བསྟུན་ཁ་འགྲེམ་གྲབས་སྦྱོང་རྩ་འཛུགས་བྱས། ས་ཡོམ་གྱི་ཉེན་བརྡ་མ་ལག་ཕྱོགས་ཡོངས་ནས་མེ་ཟོན་བཀོད་འདོམས་ལྟེ་གནས་སུ་སྦྲེལ་ཏེ། “དུས་ཐོག་དུ་གནོད་འཚེའི་སྔོན་གྱི་ཉེན་བརྡ་གཏོང་བ། དུས་ཐོག་ཏུ་རོགས་སྐྱོབ་བཀོད་འདོམས་བྱེད་པ། མཉམ་འབྲེལ་སྒོས་གནོད་འཚེ་སླར་གསོ་བྱེད་པ”བཅས་ཀྱི་གོ་རིམ་ཧྲིལ་བོའི་མཉམ་ལས་ཀྱི་རྣམ་པ་གྲུབ་པར་བྱས་ཡོད།
རྐྱེན་སྲོལ་འདི་བཙུགས་པ་དེས། མཚོ་བོད་མཐོ་སྒང་ས་ཁུལ་གྱི་གནོད་འགོག་རྒུད་སྐྱོབ་བྱ་བ་དེ“ཉེན་བརྡ་ཡང་དག་ཡིན་པ། ཚན་རིག་དང་མཐུན་པའི་དཔྱད་འཇོག་ཡོད་པ། ལས་ཆོད་ཆེ་བའི་རོགས་སྐྱོབ་བྱེད་པ”བཅས་གཞི་གཅིག་ཅན་གྱི་རིམ་པ་གསར་བར་སླེབས་པ་མཚོན་ཡོད་པར་མ་ཟད། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུུ་ནོར་བདེ་འཇགས་ལ་སྲོང་སྐྱོབ་བྱེད་པར་གཞོགས་འདེགས་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།