མཚོ་བྱང་ཁུལ་གྱིས་དགོས་མཁོ་ལྟར་ནུས་པ་འདོན་སྤྲོད་བྱས་ནས་མང་ཚོགས་ཀྱི་ལས་ཞུགས་ནུས་པ་ཆེ་རུ་བཏང་།
2025.05.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ལས་རིགས་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་དེ་ལག་རྩལ་རྣམ་པའི་འཇོན་མི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་གྲུབ་ཚུལ་རང་བཞིན་གྱི་ལས་ཞུགས་འགལ་བ་ཞི་ལྷོད་དུ་གཏོང་བའི་འགག་རྩའི་རང་བཞིན་གྱི་བྱེད་ཐབས་ཤིག་ཏུ་བརྩིས། ད་ལོའི་ཟླ5པའི་ཚེས21ཉིན་བར་དུ། མཚོ་བྱང་ཁུལ་གྱིས་ཐེངས28ལ་མི་ཐེངས1603ལ་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་པ་དེའི་ནང་། ས་སློག་འཕྲུལ་ཆས་དང་ཚ་ལ་བྱེད་མཁན། ཁྱིམ་ལས་ཞབས་ཞུ་སོགས་ལས་རིགས་སྣ་ཚོགས་ཚུད་ཡོད།

མཚོ་བྱང་ཁུལ་གྱིས་ཐོན་ལས་འཕེལ་རྒྱས་གཏོང་སྟངས་དེ་དམར་པོའི་ཞིབ་འཇུག་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཁྱབ་ཁོངས་རྒྱ་ཆེ་ཞིང་ལས་རིགས་མང་པོར་གསོ་སྦྱོང་བྱས། ཁུལ་ལས་ཞུགས་ལས་དོན་གྱི་མཉམ་འགུལ་མཐུན་སྦྱོར་ལམ་སྲོལ་ལ་བརྟེན་ནས། “རྩལ་ནུས་གསོ་སྦྱོང་ལག་བསྟར”གྱི་ཡན་ལག་ལམ་སྲོལ་དངོས་སུ་བཙུགས་ཏེ། “ལས་གནས་ཀྱི་དགོས་མཁོ་དང་རྩལ་ནུས་གསོ་སྦྱོང་། རྩལ་ནུས་དཔྱད་འཇོག ལས་ཞུགས་ཞབས་ཞུ”བཅས་གཞི་གཅིག་ཅན་གྱི་གསོ་སྦྱོང་བྱེད་སྟངས་རིམ་བཞིན་བསྐྲུན། གཞི་གྲངས་ལྟེ་གནས་ཀྱི་ཞབས་ཞུའི་མ་ལག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གཞི་རྩ་ནས་བརྟག་དཔྱད་བྱེད་པའི་ལས་དོན་ཟབ་སྤེལ་བྱས་ནས། མང་ཚོགས་ཀྱི་གསོ་སྦྱོང་གི་འདོད་བློ་གནད་ལ་འཁེལ་བའི་སྒོ་ནས་འཚོལ་བསྡུ་བྱས་ཏེ། གསོ་སྦྱོང་དང་ལས་ཞུགས་མཐུན་སྦྱོར་མཉམ་འགུལ་ལ་སྐུལ་འདེད་བཏང་ནས། མང་ཚོགས་ཀྱིས“ལག་རྩལ་ལ་བརྟེན་ནས”ལྟོ་རྒྱབ་འཚོལ་བར་རོགས་རམ་བྱས།

“མང་ཚོགས་ཀྱི་འདོད་བློ་དང་ཁྲོམ་རའི་དགོས་མཁོ”ལ་དམ་པོར་དམིགས་ཏེ། “གྲངས་ཚད་དང་སྤུས་ཚད་མཉམ་འཇོག”གི་རྩ་དོན་གཞིར་བཟུང་ནས་ཁྱད་པར་ཅན་གྱི་གསོ་སྦྱོང་ལག་བསྟར་བྱས་ཏེ། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་དང་སློབ་ཆེན་མཐར་ཕྱིན་སློབ་མ། ལས་ཞུགས་ཀྱི་ཐད་ནས་དཀའ་ངལ་ཡོད་པའི་མི་སྣ་སོགས་ཚོགས་སྤྱིར། ཀྲུང་ལུགས་ཀྱི་གཡོས་སྦྱོར་གསོ་སྦྱོང་དང་ཁྱིམ་ལས་ཞབས་ཞུའི་གསོ་སྦྱོང་། ས་སློག་འཕྲུལ་ཆས་བཀོལ་སྤྱོད་སོགས་ཀྱི་གསོ་སྦྱོང་ལས་སྒོ་སྤེལ་ཏེ། གསོ་སྦྱོང་གི“དམིགས་འབེན་རང་བཞིན་དང་གནད་འཁེལ་རང་བཞིན། དངོས་ཕན་རང་བཞིན་བཅས་ཇེ་མཐོར་བཏང་ལས་གཞན། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་ཁྱབ་ཁོངས་མང་པོའི་དམངས་གཉེར་ལས་རིགས་གསོ་སྦྱོང་ལས་སྒོ་སྤེལ་བར་སྐུལ་མ་བཏང་ནས། ཁུལ་རིམ་པའི་ལས་རིགས་རྩལ་ནུས་དངོས་སྦྱོང་རྟེན་གཞིའི་བེད་སྤྱོད་ཀྱི་ལས་ཆོད་མངོན་སུམ་ཆེ་རུ་བཏང་།

བན་དེ་སྐྱབས་ཀྱིས་བསྒྱུར།