2025ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་བྱ་འགུལ་གཟའ་འཁོར་ཟི་ལིང་དུ་སྤེལ།
2025.05.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཟི་ལིང་གྲོང་ཁྱེར་ཚན་རིག་ལག་རྩལ་ཅུའུ་དང་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁང་གིས་འགན་ཁུར་ནས་བསྒྲུབས་པའི2025ལོའི་མཚོ་སྔོན་ཞིང་ཆེན་ཚན་རྩལ་བྱ་འགུལ་གཟའ་འཁོར་ཟླ5པའི་ཚེས24ཉིན་ཟི་ལིང་དུ་སྤེལ་འགོ་བརྩམས།

ད་ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་བྱ་འགུལ་གཟའ་འཁོར་གྱིས་གསར་གཏོད་འཕེལ་རྒྱས་དང་། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་རྒྱུ་བརྗོད་དོན་དུ་བྱས་ཡོད། བྱ་འགུལ་ཡུལ་དངོས་སུ། ཞིང་ཆེན་ནང་ཁུལ་གྱི་ཕུལ་དུ་བྱུང་བའི་སློབ་ཆུང་སློབ་མའི་འགྲེལ་བཤད་པ་དང་རྒྱལ་ཡོངས་ཚན་རྩལ་ཁྱབ་གདལ་འགྲེལ་བཤད་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པའི་འགྲན་ཞུགས་པས། གར་སྟེགས་ཟློས་གར་གྱི་རྣམ་པ་བརྒྱུད་དེ་ཏིན་ཅཱ་ཞན་དང་ཝུའུ་ཐེན་དབྱི། ཀྲང་ཕིན་ཞི་སོགས་ཚན་རིག་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བཤད་པ་དང་། རང་ས་ཆའི་ཚན་རིག་པས་གནད་འགག་སྲོག་ཤིང་ལག་རྩལ་འགག་སྒྲོལ་བྱེད་པ་དང་། ཚན་རྩལ་ལས་འགན་གལ་ཆེན་གྱི་དཀའ་གནད་སེལ་བ། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་སོགས་ཕྱོགས་ནས་མངོན་པའི་ཚན་རིག་པའི་སྙིང་སྟོབས་ངོམས་སྟོན་བྱས། འགྲེམ་པང་བཤམས་པ་དང་བརྙན་རིས་གཏོང་བ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་དང་གསར་དུ་བཟོ་བཅོས་བྱས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཁྱབ་གདལ་བཅའ་ཁྲིམས། ཚན་རྩལ་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དང་འབྲེལ་བའི་སྲིད་ཇུས་བཅས་དྲིལ་སྒྲོག་བྱས་པ་དང་། 2022ལོའི་ཚུན་དུ་མཚོ་སྔོན་གྱིས་སྐྱེ་ཁམས་དང་ཁྱད་ལྡན་ཞིང་ཕྱུགས་ལས། གློག་ཤུགས། རྡོ་སྣུམ། ཆ་འཕྲིན། རྫས་འགྱུར་བཟོ་ལས་སོགས་ལས་རིགས་ཁྱབ་ཁོངས་ནས་བླངས་པའི་ཚན་རིག་གི་གྲུབ་འབྲས་རབ་དང་རིམ་པ་དང་མདོ་དབུས་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་ལྟ་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་བཟང་བོ་འགྲེམ་སྟོན་བྱས། དེ་ལས་གཞན། རྟོག་བཟོའི་དངོས་ཡོད་ལག་རྩལ་མྱོང་ཚོར་དང་མི་མེད་གནམ་གྲུ་འགྲེམ་སྟོན། བདེ་འཇགས་སྦྱོང་བརྡར་སློབ་ཁྲིད་སོགས་ཚན་རྩལ་ཁྱབ་གདལ་གྱི་ཉམས་ལེན་བྱ་འགུལ་བརྒྱ་དང་ལྔ་བཅུ་ལྷག་གིས་ལྟ་མཁན་མང་པོར་ཚན་རྩལ་གྱི་འགུག་ཤུགས་ཉམས་མྱོང་བྱེད་དུ་བཅུག མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དང་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་། མཚོ་སྔོན་ཞིང་ཆེན་ཀླད་སྙིང་ཁྲག་རྩའི་སྨན་ཁང་སོགས་སྨན་བཅོས་སྡེ་ཁག་བཅུ་གཉིས་ཀྱི་འོས་འགན་སྨན་བཅོས་བྱ་འགུལ་སྤེལ་ནས། གྲོང་ཁྱེར་གྱི་སྡོད་དམངས་ཚོར་བདེ་ཐང་གི་བློ་འདྲི་འདོན་སྤྲོད་བྱས།

ཞིང་ཆེན་ཚན་རྩལ་ཐིན་གྱི་ཐིན་ཀྲང་གཞོན་པ་ཝང་ལིས་ཧྭ་ཡིས་བཤད་རྒྱུར། ཚན་རྩལ་བྱ་འགུལ་གཟའ་འཁོར་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ལས་ཁུངས། ཚན་རྩལ་ཁྱབ་གདལ་རྟེན་གཞི། རིགས་མི་འདྲ་བའི་ཚན་རྩལ་ཁང་སོགས་ཚན་རྩལ་གྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ། ཞིང་ཁ་དང་བཟོ་གཏེར་ཁེ་ལས། གཞིས་ཁུལ། ཞིང་སྡེ། སློབ་གྲྭ་ཆུང་འབྲིང་བཅས་ལ་སོང་ནས། ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་མང་གི་མང་ཚོགས་རང་བཞིན་གྱི་ཚན་རྩལ་བྱ་འགུལ་ཐེངས་ཉིས་བརྒྱ་ལྷག་སྤེལ། ཞིང་ཆེན་ཚན་རྩལ་ཐིན་གྱིས་ད་དུང་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁྱབ་གདལ་འགྲེལ་བཤད་འགྲན་བསྡུར་དང་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁྱབ་གདལ་གྱི་བརྙན་རིས་ཆུང་བའི་འགྲན་བསྡུར། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁྱབ་གདལ་གྱི་ཕུལ་བྱུང་བརྩམས་ཆོས་འོས་སྦྱོར། མཚོ་སྔོན་ཞིང་ཆེན་ཚན་རིག་ཚོད་ལྟ་འགྲེམ་འཁྲབ་སོགས་ཀྱི་དཔེ་སྟོན་བྱ་འགུལ་གཙོ་བོ་རྩ་འཛུགས་བྱས་ནས། སྤྱི་ཚོགས་ཡོངས་སུ་ཚན་རིག་ཤེས་བྱ་ཁྱབ་གདལ་དུ་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ཚན་རྩལ་གྱི་སྟོབས་ཤུགས་སྔར་ལས་མང་པོ་བཏོན།

རིན་ཆེན་མཚོས་བསྒྱུར།