ཟླ5པའི་ཚེས23ཉིན། ཀྲུང་དབྱང་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་དང་དཔལ་ཡོན་གྲོང་སྡེ། དཔལ་ཡོན་སྡེ་ཁག དཔལ་ཡོན་ཁྱིམ་ཚང་། དཔལ་ཡོན་སློབ་རའི་གཟི་བརྗིད་མཚན་སྙན་སོར་འཇོག་བྱེད་རྒྱུར་བསྐྱར་བཤེར་གཏན་ཁེལ་བྱེད་པའི་སྐོར་གྱི་བརྡ་ཁྱབ་ཁྱབ་བསྒྲགས་བྱས་པ་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱིས་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་བྱ་བ་སྤེལ་བའི་གྲུབ་འབྲས་ལ་རྒྱབ་བརྟེན་བྱས་ནས། ཡང་བསྐྱར་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་གཟི་བརྗིད་མཚན་སྙན་ཐོབ།
2018ལོར་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་བྱ་བ་སྤེལ་བའི་ཚུན་དུ། ཡུས་ཧྲུའུ་གྲོང་ཁྱེར་གྱིས་ནམ་ཡང་རྒྱལ་ཁབ་ནུས་སྲི་སྙིགས་འཕྲིའི་དཔེ་སྟོན་གྲོང་ཁྱེར་དང་རྒྱལ་ནང་གི་སྐྱེ་ཁམས་གནས་སྐོར་དཔེ་སྟོན་གྲོང་ཁྱེར། ལྗང་མདོག་ཐོན་ལས་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར། མཐོ་སྒང་གི་རིག་སྟོབས་དོ་དམ་དཔེ་སྟོན་གྲོང་ཁྱེར་འཛུགས་རྒྱུ་དམིགས་འབེན་དུ་བྱས་ནས། དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་རྒྱུ་དེ་གྲོང་ཁྱེར་གྱི་སྤུས་ཀ་མཐོར་འདེགས་གཏོང་བ་དང་དམངས་ཚིས་ཀྱི་བདེ་སྐྱིད་ཇེ་མཐོར་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་ཏེ། གྲོང་ཁྱེར་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཕྱོགས་ནས། དངུལ་གཏོང་ཚད་རྒྱུན་མ་ཆད་ཇེ་མང་དུ་བཏང་བ་དང་། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་འཐུས་ཚང་དུ་བཏང་ལ། གྲོང་ཁྱེར་ལྗང་བསྒྱུར་མཛེས་བསྒྱུར་བྱེད་པར་ཤུགས་བསྣན་པས། གྲོང་ཁྱེར་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་། སྤྱི་ཐུན་ཞབས་ཞུའི་ཁྱབ་ཁོངས་སུ། སློབ་གསོ་དང་སྨན་བཅོས། འགྲིམ་འགྲུལ་སོགས་ཀྱི་ཐོན་ཁུངས་བཀོད་སྒྲིག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་བ་དང་། ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་སྟེ། མང་ཚོགས་ཡིད་ཚིམ་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་། གྲོང་ཁྱེར་སྡོད་དམངས་ཀྱི་བྱང་ཚད་སྐྱེད་སྲུང་ཐད་ནས། དཔལ་ཡོན་ལག་ལེན་གྱི་བྱ་འགུལ་རྒྱ་ཆེར་སྤེལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་བཏང་སྟེ། དཔལ་ཡོན་གྱི་དྲི་རླུང་ཡུས་ཧྲུའུ་ས་ཆར་ཁྱབ་པར་བྱས།
ཐེངས་འདིར་ཡང་བསྐྱར་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་གཟི་བརྗིད་མཚན་སྙན་ཐོབ་པ་དེ་ནི། གཟི་བརྗིད་ཅིག་ཡིན་པ་མ་ཟད། འགན་འཁྲི་དང་སྒུལ་ཤུགས་ཀྱང་ཡིན། ཡུས་ཧྲུའུ་གྲོང་ཁྱེར་གྱིས་དེ་འགོ་ཚུགས་ས་གསར་བ་རུ་བརྩིས་ནས། དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་ཟབ་སྒྱུར་བྱས་པ་དང་། གྲོང་ཁྱེར་གྱི་དཔལ་ཡོན་ཆུ་ཚད་དང་གྲོང་མིའི་དཔལ་ཡོན་བྱང་ཚད་རྒྱུན་མ་ཆད་ཇེ་མཐོར་བཏང་ལ། དཔལ་ཡོན་དེ་ཡུས་ཧྲུའུ་གྲོང་ཁྱེར་གྱི་མཚར་མདངས་བཀྲ་བའི་ཞབས་མདོག་ཏུ་འགྱུར་བར་བྱས་པ་དང་། གྲོང་ཁྱེར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་བསམ་པའི་སྒུལ་ཤུགས་ཆེན་པོ་དང་རྫོགས་མཐའ་མེད་པའི་དཔལ་ཡོན་གྱི་སྟོབས་ཤུགས་བསྣན།
རིན་ཆེན་མཚོས་བསྒྱུར།