ཟླ5བའི་ཚེས23ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་རིག་གནས་ཚན་ཁག་གི་ཚན་གཙོ་ཤ་བོ་སྐྱབས་ཀྱིས་བཤད་རྒྱུར། “ད་ལོར་ང་ཚོས་ནན་ཏན་སྒོས་ཇུས་འགོད་བྱས་ཏེ་བརྗོད་གཞི་ཆེན་པོ་དྲུག་འདུས་ཤིང་ཁྱོན་སྡོམ་ཁག60ཅན་གྱི་མུ་འབྲེལ་བྱེད་སྒོ་སྤེལ་ཏེ། ལོ་ཧྲིལ་བོའི་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱས་ཡོད”ཟེར།
ཟླ5བ་ནས་ཟླ12པའི་བར། རྨ་ལྷོ་ཁུལ་གྱིས་མཚོ་སྔོན་རེབ་གོང་རིག་གནས་ཡུལ་སྐོར་དུས་ཆེན་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་འོས་སྦྱོར། གཞི་རིམ་འཁྲབ་སྟོན། དམངས་ཡོངས་ཀྱི་ལུས་རྩལ་སྦྱོང་བརྡར། གཟུགས་མེད་ཤུལ་བཞག་རྒྱུད་འཛིན་སོགས་བརྗོད་གཞི་ཆེན་པོ་དྲུག་ལ་གཞི་བཙུགས་ཏེ། སྔ་རྗེས་སུ་མུ་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་འཆར་ཡོད།
ཟླ7པ་ནས་ཟླ9བའི་བར། སྐབས་ལྔ་བའི་མཚོ་སྔོན་རེབ་གོང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་སྐབས་སུ། “གཟའ་འཁོར་གཉིས་ལ་འགྲན་བསྡུར་བཞི་དང་དགའ་སྟོན་བཞི”ཡི་བྱེད་སྒོ་སྤེལ་ནས། བོད་ཀྱི་ཟློས་གར་སྒྱུ་རྩལ་འཁྲབ་སྟོན་གྱི་རེས་གཟའ་དང་། ཨ་མདོའི་དམངས་གླུ་སྒྱུ་རྩལ་འཁྲབ་སྟོན་གྱི་རེས་གཟའ་ལ་བརྟེན་ཏེ་ཕྱོགས་བསྡུས་སྒོས་མི་རིགས་སྒྱུ་རྩལ་གྱི་བཀྲག་མདངས་ངོམས་པ་དང་། རྨ་ཆུ་རྒྱལ་སྤྱིའི་རྐྱལ་རྩལ་འགྲན་བསྡུར་རྣམ་གྲངས་གསུམ། རེབ་གོང་གི་ཐང་ག་འབྲི་བའི་འགྲན་བསྡུར། ཨ་མདོའི་གཏམ་དཔེ་སྒྱུ་རྩལ་གྱི་འགྲན་བསྡུར། རྒྱལ་ཡོངས་འཇུ་རེས་གདན་ཞུའི་འགྲན་བསྡུར་སོགས་འགྲན་བསྡུར་གྱི་རྣམ་གྲངས་གསུམ་སྤེལ་ཏེ། རྨ་ལྷོའི་སྣ་མང་ཅན་གྱི་རིག་གནས་དང་ལུས་རྩལ་གྱི་གསོན་ཤུགས་མངོན་པར་བྱེད་རྒྱུ་ཡིན། ཐུན་རིན་གྲོང་ཁྱེར“གྲོང་ཚོའི་དགོང་ཚོགས”དང་། ཧི་ནན་སོག་རིགས་རང་སྐྱོང་རྫོང་གི“ནཱ་དམ”སྤྲོ་ཚོགས། གཅན་ཚ་རྫོང་གི་མདའ་འཕེན་གདན་ཞུའི་འགྲན་བསྡུར། རྩེ་ཁོག་རྫོང་གི་ཟླ་བརྒྱད་པའི་རྩྭ་ཐང་གི་དགྱེས་འཛོམས་སོགས་ཁྱད་ཆོས་ལྡན་པའི་དུས་སྟོན་བྱ་འགུལ་བཞི་སྤེལ་ཏེ། ཕྱོགས་ཡོངས་ནས་རྨ་ལྷོའི་རིག་གནས་ཡུལ་སྐོར་གྱི་གཟི་ཉམས་མངོན་པར་བྱེད་རྒྱུ་རེད།
རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཐོན་ཁུངས་འོས་སྦྱོར་གྱི་ཕྱོགས་ནས། རྨ་ལྷོ་ཁུལ་གྱིས“ངོ་མཚར་སྟོང་གི་རྨ་ལྷོ”བརྗོད་གཞི་བྱས་ཏེ། ཧྲན་ཞི་དང་ཀན་སུའུ། སི་ཁྲོན། ཐེན་ཅིན་སོགས་འགྲུལ་བའི་འབྱུང་ཁུངས་གཙོ་བོ་དག་གཞིར་བཟུང་ནས། བོད་ཀྱི་ཟློས་གར་འཁྲབ་སྟོན་དང་། སྒྱུ་རྩལ་འགྲེམ་སྟོན་སོགས་ཀྱི་རྣམ་པས་འོས་སྦྱོར་བྱ་འགུལ་སྤེལ་ཏེ་འགྲུལ་བའི་འབྱུང་ཁུངས་ཀྱི་ཁྲོམ་ར་རྒྱ་བསྐྱེད་རྒྱུ་རེད།
རྨ་ལྷོ་ཁུལ་དབྱར་དུས་ཀྱི་ཐང་ཆེན་རིག་གནས་མུ་འབྲེལ་བྱེད་སྒོ་དེ་ཁུལ་དང་གྲོང་ཁྱེར། རྫོང་རིམ་པའི་ལས་རིགས་སྡེ་ཁག་གིས་རྩ་འཛུགས་བྱས་ཏེ། “དྲུག་གཅིག”དང“བདུན་གཅིག”སོགས་དུས་ཆེན་གལ་ཆེན་དག་ལ་དམིགས་ནས། བརྗོད་གཞིའི་འཁྲབ་སྟོན་ཟླ་བའི་བྱ་འགུལ་སྤེལ་བ་དང་ལྷན་དུ་སྐོར་བྲོའི་རྩལ་སྦྱོང་བྱེད་སྒོ་སྤེལ་བ་རེད། གཞི་རིམ་འཁྲབ་སྟོན་གྱི་མུ་འབྲེལ་བྱེད་སྒོ་སྤེལ་བ་བརྒྱུད་སྲིད་གཞུང་གི་ཞབས་ཞུའི་ཉོ་སྒྲུབ་དང་། ཆེད་ལས་རིག་རྩལ་སྡེ་ཁག་རྩ་འཛུགས་བྱས་ཏེ་ཞིང་འབྲོག་ས་ཁུལ་ལ་ཟབ་ཞུགས་བྱས་ནས། “ ཟློས་གར་གྲོང་ཚོར་བསྐྱོད་པ”སོགས་དམངས་ཕན་འཁྲབ་སྟོན་སྤེལ་རྒྱུ་རེད།
དམངས་ཡོངས་ཀྱི་ལུས་སྦྱོང་དང་གཟུགས་མེད་ཤུལ་བཞག་རྒྱུད་འཛིན་ཁྱབ་ཁོངས་ནས། རྨ་ལྷོ་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སོགས་འགྲན་བསྡུར་གྱི་རྣམ་གྲངས་མང་བོ་སྤེལ་རྒྱུ་ཡིན་པ་དང་། གཟུགས་མེད་ཤུལ་བཞག་སྐོར་དང་སྒྱུ་རྩལ་རིག་དངོས་འགྲེམ་སྟོན། ཐང་གའི་སྒྱུ་རྩལ་བགྲོ་གླེང་སོགས་ཀྱི་བྱེད་སྒོ་སྤེལ་ནས་རྣམ་པ་མི་འདྲ་བའི་སྒོ་ནས་གཟུགས་མེད་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་བྱེད་པའི་གྲུབ་འབྲས་མངོན་པ་དང་། སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།