རྩེ་ཁོག་རྫོང་གིས་བྱེད་ཐབས་སྣ་མང་ལ་བརྟེན་ནས་བུད་མེད་ཀྱི་ནུས་པ་འདོན་སྤེལ་བྱས།
2025.05.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ5པའི་ཚེས22ཉིན།  གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་རིན་ཆེན་སྒྲོལ་མར་བཅར་འདྲི་བྱེད་སྐབས་ཁོ་མོས་བཤད་རྒྱུར།  “ད་ལོའི་མ་ཡུམ་དུས་ཆེན་སྐབས་སུ།  ང་ཚོས‘གསུམ་བརྒྱད་དར་དམར་སྒྲེང་མཁན’དང་‘བུད་མེད་ཕྱུག་འགྱུར་སྣེ་ཁྲིད་པ།’‘ཆེས་མཛེས་པའི་ཁྱིམ་ཚང’སོགས་ཀྱི་འཐུས་ཚབ་པ་བརྒྱད་ལ་འཚམས་འདྲི་བྱས་པ་དང་།  ཁོ་མོ་ཚོར་མེ་ཏོག་དང་འཚོ་བའི་དངོས་རྫས།  དྲིལ་སྒྲོག་ཡིག་ཆ་སོགས་ཀྱང་བྱིན་ཡོད”ཟེར།

རིན་ཆེན་སྒྲོལ་མས་ངོ་སྤྲོད་བྱས་པ་ལྟར་ན།  བུད་མེད་ཀྱི་བདེ་ཐང་སྲུང་སྐྱོབ་ཀྱི་ཕྱོགས་ནས།  རྫོང་མ་བུའི་བདེ་སྲུང་དང་འཆར་ལྡན་བུ་སྐྱེས་ལྟེ་གནས་ཀྱིས་ད་ལོའི་ཟླ3པའི་ཚེས11ནས་ཚེས31བར་དུ་རྫོང་ཡོངས་ནས་མངལ་མ་ཆགས་གོང་གི་བརྟག་དཔྱད་དང་།  “བརྟག་དཔྱད་གསུམ”དང”སྐྲན་ནད་གཉིས”ཀྱི་ཞིབ་བཤེར་བྱ་འགུལ་སྤེལ།  ལས་ཞུགས་ལས་གཏོད་ཀྱི་ཁྱབ་ཁོངས་ནས།  རྩེ་ཁོག་རྫོང་གིས་གནད་ལ་འཁེལ་བའི་སྒོ་ནས་བུད་མེད་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱས་པ་དང་།  ས་གནས་ཀྱི་ཕྱུགས་ལས་ཐོན་ཁུངས་ལ་རྐང་བཙུགས་ནས།  ནོར་གནག་གསོ་སྐྱོང་དང་བོད་ལུག་གི་རྒྱུད་སྤེལ་སོགས་ཉེར་སྤྱོད་ལག་རྩལ་གྱི་གསོ་སྦྱོང་སྤེལ་བ་དང་།  ཕྱུགས་ལས་ཆེད་མཁས་པ་གདན་འདྲེན་དང་ཟབ་ཞུགས་བྱས་ཏེ། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་སློབ་སྦྱོང་ལ་བརྟེན་ནས་བུད་མེད་ཀྱིས་ཁྱིམ་ཚང་གི་ཕྱུགས་ར་སྐྱོང་བར་རོགས་རམ་བྱས།   མི་རིགས་རིག་གནས་ཀྱི་ཁྱད་ཆོས་སྔོག་འདོན་བྱས་ཏེ་བོད་ཀྱི་འཚེམ་དྲུབ་དང་རྡོ་བརྐོས་ལག་རྩལ།  མི་རིགས་ཀྱི་གྱོན་གོས་བཟོ་བ་སོགས་ཀྱི་སློབ་ཁྲིད་བཀོད་སྒྲིག་བྱས་ནས།  བུད་མེད་ཀྱི་སོར་རྩེའི་ལག་རྩལ་དེ་སོར་རྩེའི་དཔལ་འབྱོར་དུ་བསྒྱུར།  གཞི་གྲངས་དཔལ་འབྱོར་གྱི་རླབས་རྒྱུན་དང་བསྟུན་ནས།  དྲ་ལམ་ཚོང་གཉེར་དང་ཐད་གཏོང་ཚོང་གཉེར་ཀྱི་གསོ་སྦྱོང་སྤེལ་ཏེ“ཞིང་བ་གསར་བའི”བུད་མེད་གསོ་སྐྱོང་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཕྱིར་འཚོང་ཐབས་ལམ་རྒྱ་བསྐྱེད་བྱས།

“གསོ་སྦྱོང་།  ལས་ཞུགས།  ལས་སྐྲུན”བཅས་ཀྱི་མུ་འབྲེལ་ཅན་གྱི་ཞབས་ཞུའི་མ་ལག་བསྐྲུན།  རྩེ་ཁོག་རྫོང་གིས་ཁེ་ལས་དང་མཉམ་ལས་ཁང་གིས་མཉམ་དུ་སྒྲུབ་པའི་ཆེད་དོན་གདན་ཞུའི་ཚོགས་འདུ་བརྒྱུད་དེ་ལས་ཞུགས་ཀྱི་སྦྲེལ་མཐུད་ཟམ་པ་བཙུགས་པ་དང་།  ལས་གཏོད་བྱེད་བཞིན་པའི་བུད་མེད་ལ་དམིགས་ཏེ་མ་དངུལ་དང་འཛུགས་སྐྲུན་བྱེད་ཡུལ་སོགས་ཀྱི་ཕྱོགས་ནས་སྲིད་ཇུས་ཀྱི་རོགས་སྐྱོར་གནང་བར་མ་ཟད།  ལས་གཏོད་རོགས་སྐྱོར་ཚོ་ཆུང་སྒྲིག་འཛུགས་བྱས་ཏེ་གཅིག་འཐུས་རྣམ་པའི་ཞབས་ཞུ་འདོན་སྤྲོད་བྱས།  བྱེད་ཐབས་རབ་དང་རིམ་པར་བརྟེན་ནས་བུད་མེད་རྣམས་ལ་ལས་གཏོད་བྱེད་པར་གདེང་ཚོད་ཡོད་པ་དང་།  ལས་ཞུགས་བྱེད་པར་རྒྱུད་ལམ་ཡོད་པར་བྱས་ཏེ།  སྔར་ལས་མང་བའི་རྩེ་ཁོག་བུད་མེད་ཀྱི་གྲོང་གསེབ་དར་སྤེལ་དང་ཐོན་ལས་འཕེལ་རྒྱས་ཁྲོད་ནུས་པ་བླ་ལྷག་བཏོན་ཏེ།  རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།