ཉེ་ལམ། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཨུའི་དྲིལ་སྒྲོག་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་རྐང་ཚ་རྫོང་གིས་དམངས་ཚིས་མ་དངུལ་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་བྱེ་བ་དགུ་དང་ས་ཡ་བདུན་འབུམ་ལྔ་དང་ཁྲི་གཉིས་བཀོད་སྒྲིག་བྱས་པ་དང་། བདེ་ཐང་དང་ལས་ཞུགས། ཆུ་འདོན། དྲོད་འདོན། བགྲོད་ལམ་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་དམངས་ཚིས་དངོས་དོན་ཁག་དགུ་ལག་བསྟར་བྱས་ཏེ། དམངས་ཚིས་འགྲོ་སོང་གིས་སྤྱིར་བཏང་གི་སྤྱིའི་སྔོན་རྩིས་འགྲོ་སོང་གི་བརྒྱ་ཆའི་བརྒྱད་ཅུའི་ཡན་ཟིན་པ་ཁག་ཐེག་བྱས་པ་དང་། དམངས་ཚིས་གསལ་ཐོ་དེ་བདེ་སྐྱིད་འཚོ་བར་འགྱུར་བར་སྐུལ་འདེད་བཏང་།
ད་ལོར་རྐང་ཚ་རྫོང་གི་དམངས་ཚིས་དངོས་དོན་ཁག་དགུ་ཡིས་མང་ཚོགས་ཀྱིས་བསམ་འཆར་འདོན་པ་དང་འཐུས་མིའི་ཡར་ཞུ་བྱེད་པ། སྲིད་གཞུང་གིས་དང་ལེན་བྱེད་པ། དམངས་ཆེན་གྱིས་ཞིབ་བཤེར་ཐག་གཅོད་བྱེད་པ་བཅས་དམངས་ཀྱི་ཆེད་དུ་བྱ་བ་བསྒྲུབ་པའི་རྣམ་པ་གསར་བ་དངོས་སུ་ལག་བསྟར་བྱེད་མགོ་བརྩམས། 12345ཡི་ཁ་པར་ཨང་གྲངས་དང་རྫོང་དཔོན་གྱི་ཡིག་སྒམ་སོགས་སྟེགས་བུ་སྣ་ཚོགས་ལ་ཟུང་འབྲེལ་བྱས་ཏེ་གཅིག་བསྡུས་གནད་དོན་ཕྱིར་ལྡོག་བྱས་པ་དང་། དམངས་ཚིས་དངོས་དོན་གྱི་གྲོས་གཞིའི་བྱ་བ་གཏན་འཁེལ་བྱས། ཡང་དང་བསྐྱར་དུ་འབྲེལ་འདྲིས་རིགས་སྒྲུབ་དང་བསམ་འཆར་གྲོས་གཞིར་ཉན་པར་མ་ཟད། འབྲེལ་ཡོད་ཚོགས་འདུའི་ཞིབ་འཇུག་གྲོས་ཞིབ་སྤྲད་པ་བརྒྱུད། མཇུག་མཐར་དམངས་ཚིས་དངོས་དོན་ཁག་དགུ་དང་བྱེ་བྲག་གི་དོན་འཁྱོལ་བྱེད་ཐབས་བཅོ་ལྔ་གཏན་འཁེལ་བྱས་ཏེ། ལས་གཞིའི་འབྱུང་ཁུངས་མང་ཚོགས་ཡིན་པར་བྱས་ལ། དམངས་ཀྱི་འདོད་བློར་མཐོང་ཆེན་གང་ལེགས་བྱས།
ལས་གཞིར་དམིགས་ནས། རྐང་ཚ་རྫོང་གིས་ཟླ་རེར་བཀོད་གཏོང་དང་དུས་ཚིགས་རེར་ཡར་ཞུ་བྱེད་པའི་བྱ་བའི་རྐྱེན་སྲོལ་ལག་བསྟར་བྱས་པ་དང་། སྔ་མོ་ནས་བཀོད་སྒྲིག་དང་མགྱོགས་མྱུར་ངང་དོན་འཁྱོལ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་པས། སྤྱིའི་ལག་བསྟར་གནས་ཚུལ་ལེགས་པོ་རེད། མིག་སྔའི་བར། འོམ་ཆུ་ཡུལ་ཚོའི་འཕྲོད་བསྟེན་ཁང་གི་སྤྱིའི་གནས་སྤོ་དང་མི་སྣ་བཀོད་སྒྲིག་སོགས་ཀྱི་བྱ་བ་ཡོངས་འགྲུབ་བྱས་པར་མ་ཟད། རྐང་ཚ་རྫོང་གི་དུར་འཇུག་དམངས་ཕན་སྲིད་ཇུས་ལག་བསྟར་ཇུས་གཞི་གཏན་འབེབས་བྱས། དམངས་ཚིས་དངོས་དོན་གཞན་དག་འཆར་གཞི་ལྟར་ལག་བསྟར་བྱེད་བཞིན་ཡོད་དེ། གྲོང་རྡལ་དང་ཡུལ་ཚོའི་ལྔའི་སྲིད་འཛིན་སྡེ་བ་ཉེར་གསུམ་གྱི་རོང་འབྲོག་མང་ཚོགས་ཀྱི་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་སྤུས་མཐོར་འདེགས་ལས་གཞི་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་དངོས་སུ་སྤེལ་མགོ་བརྩམས་ཤིང་། འོམ་ཆུ་ཡུལ་ཚོའི་མཁར་བྱང་གི་ཆུ་འདོན་ལས་གཞི་དང་། གྲོང་རྡལ་དང་ཡུལ་ཚོ་ལྔའི་ལས་བྱེད་པའི་འཁོར་རྒྱུག་ཁང་པའི་ལས་གཞི། དཔལ་དགེ་ཡུལ་ཚོ་དཔོན་ཚང་ཞོལ་མ་སྡེ་བ་དང་ཚ་ལ་སྡེ་བའི་བགྲོད་ལམ་སྲ་འགྱུར་སོགས་བགྲོད་ལམ་དང་ཟམ་པའི་ལས་གཞི། དཔལ་དགེ་ཡུལ་ཚོའི་དག་གཙང་ནུས་ཁུངས་ཀྱི་དྲོད་འདོན་ལས་གཞི་སོགས་ཀྱི་དུས་རིམ་སྔོན་མའི་བྱ་བ་དངོས་སུ་བསྒྲུབ་བཞིན་ཡོད།
ལྷ་མོ་འཚོས་བསྒྱུར།